༉ གཞུང་གིས་ སྐུལ་བསྒྲགས་སྐབས་ ཁས་བླངས་འབད་མི་དང་བསྟུན་ ལོ་ངོ་༢ ལྷགཔ་ཅིག་གི་ཧེ་མར་ རྒྱལ་ཁབ་ཀྱི་ ས་གནས་ཐདམ་ཐད་ཁ་ལས་ཕར་ སློབ་གྲྭ་ལྟེ་བ་བསྡོམས་༦༠ གཞི་བཙུགས་འབད་ཡོདཔ་ལས་ ཕམ་ཉམ་ཆུང་གི་ ཨ་ལོ་ཚུ་ལུ་ ཕན་ཁྱད་བྱུང་ཡོད་པའི་ ལོ་རྒྱུས་ཚུ་གོཝ་མས།
ག་འཆརཔ་ཟེར་བ་ཅིན་ སློབ་གྲྭ་ལྟེ་བ་ཚུ་གིས་ སློབ་ཕྲུག་ཚུ་ལུ་ ཉེ་བར་མཁོ་བའི་ གཞི་རྟེན་མཁོ་ཆས་ དཔེར་ན་ སོ་བཀྲུ་དང་ སོ་སྨན་ གླང་ལེབ་ཚུ་ལས་འགོ་བཟུང་ བཀབ་གོ་ལ་ཆ་མཉམ་ རིན་མེད་སྟོང་པར་ མཁོ་སྤྲོད་འབད་ནི་དེ་གིས་ ཕམ་ཚུ་ལུ་ ཚ་གྱང་ལང་དགོཔ་ མེདཔ་ཨིན་མས།
བརྡ་བརྒྱུད་ཀྱི་ཧོངས་ལས་ དཔྱད་བལྟ་རུང་ གཞུང་ལས་ འདི་བཟུམ་མའི་ མཐུན་རྐྱེན་ཚུ་ མ་བཏུབ་བཏུབ་སྦེ་ གནང་མི་དེ་ སློབ་ཕྲུག་ཚུ་གི་ ཁ་ནང་ལྟོ་བཙུགས་མ་བྱིནམ་རྐྱངམ་གཅིག་ཨིནམ་ལས་ སློབ་གྲྭ་ལྟེ་བའི་ སྲིད་བྱུས་ལུ་ རྒྱབ་སྐྱོར་དང་ ངལ་རངས་བསྐྱེད་དགོཔ་ཅིག་ཨིན་མས།
དེ་འབདཝ་ད་ སློབ་གྲྭ་ལྟེ་བ་གཞི་བཙུགས་འབད་ཞིནམ་ལས་ཚུར་ རྩོད་རྙོགས་ཅན་ཅིག་ལུ་ གྱུར་ཡོད་མི་དེ་ཡང་ སློབ་གྲྭ་ལྟེ་བ་ལུ་བརྟེན་ མཐུན་རྐྱེན་ཚུ་ འདྲ་མཉམ་མཁོ་སྤྲོད་མ་འབད་བའི་ དཀའ་ངལ་དང་ གསར་སྒྲུབ་དང་ རྒྱུན་སྐྱོང་ཟད་འགྲོ་གཉིས་ཆ་ར་ ཡར་སེང་འགྱོ་ནི་དེ་གིས་ ཡུན་བརྟན་མི་འོང་ནི་མས་ཟེར་ བརྡ་བརྒྱུད་དང་ ལྡོག་ཕྱོགས་ཚོགས་པ་ རྒྱལ་ཡོངས་ཚོགས་སྡེ་ དེ་ལས་ སྲིད་དོན་ཚོགས་པ་ཚུ་གིས་ སྲིད་བྱུས་དེ་ལུ་ རྒྱབ་འགལ་སྒྲིང་སྒྲི་འབདཝ་ཨིན་མས།
གོང་ལུ་ གསལ་བཀོད་འབད་དོ་བཟུམ་ སློབ་གྲྭ་ལྟེ་བའི་ སྲིད་བྱུས་དང་ དམིགས་ཡུལ་དེ་ལུ་ ག་ར་གིས་ རྒྱབ་སྐྱོར་དང་ ངོས་ལེན་འབདཝ་ཨིན་རུང་ ཚ་གྱང་དེ་ གཙོ་བོ་ར་ ཤུལ་ལས་ གཞུང་གསརཔ་ཅིག་འོངམ་ད་ ད་རེས་བཟུམ་སྦེ་ ཕྱི་རྒྱལ་གྱི་ གྲོགས་རམ་འཐོབ་མ་ཚུགས་པ་ཅིན་ ཡུན་བརྟན་གནས་མ་ཚུགས་པར་ མཐའན་མཇུག་ལུ་ སློབ་གྲྭ་ལྟེ་བ་ཚུ་ སྒོ་བསྡམ་དགོཔ་འཐོན་ནིའི་ ཉེན་ཁ་ཡོད་ནི་དེ་གིས་ཨིན་མས།
གཞུང་གི་ཁ་ཐུག་ལས་ ད་རུང་ སློབ་གྲྭ་ལྟེ་བ་༦༠ གཞི་བཙུགས་འབད་ནི་གི་ འཆར་གཞི་ཡོདཔ་ལས་ སྲིད་དོན་ཚོགས་པ་ཚུ་ལུ་ ཧེང་སྐལ་ར་ ཚ་གྱང་ལང་དགོཔ་བྱུང་ནུག།
ད་རུང་ འཕྲལ་ཁམས་ཅིག་ཁར་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ སློབ་གྲྭ་ཚུ་གི་ བཟའ་སྤྱོད་ལས་རིམ་གྱི་ ལས་འབྲེལ་རྩིས་ཞིབ་སྙན་ཞུ་ གསར་བཏོན་འབད་མིའི་ནང་ བཀོད་མི་དང་འཁྲིལཝ་ད་ སློབ་གྲྭ་ཚུ་ནང་ བཞེས་སྒོ་ཚུ་ ཚད་ལྡན་དང་ ཁམས་དྭངས་ཏོག་ཏོ་མེདཔ་ལས་ སློབ་ཕྲུག་ཚུ་གིས་ ཟས་བཅུད་མི་འཐོབ་ནིའི་ ཉེན་ཁ་འདུག་ཟེར་བཀོད་ནུག།
འདི་བཟུམ་མའི་ དཀའ་ངལ་དང་ ཉོགས་བཤད་ཚུ་ཡོད་པ་ཅིན་ བརྡ་བརྒྱུད་ཀྱིས་ དབྱེ་ཞིབ་ཐོག་ མི་མང་ལུ་ བརྡ་དོན་སྤེལ་ནི་དེ་ ག་ནི་བ་གལ་ཆེ།
འདི་འབདཝ་ལས་ དཀའ་ངལ་དང་ སྟབས་མ་བདེཝ་ཚུ་ གསལ་སྟོན་འབད་ནིའི་དོན་ལུ་ བརྡ་བརྒྱུདཔ་ཚུ་གིས་ སློབ་གྲྭ་ལྟེ་བའི་ དབུ་འཛིན་ཚུ་དང་ འབྲེལ་བ་འཐབ་པའི་སྐབས་ བརྡ་བརྒྱུདཔ་ཚུ་ལུ་ ག་ཅི་ཡང་ སླབ་མ་ཆོགཔ་སྦེ་ རྫོང་བདག་ཚུ་གིས་ བཀའ་རྒྱ་སྒྲིང་སྒྲི་གནང་ཡོད་པའི་ ལོ་རྒྱུས་ཡོད་རུང་ ཤེས་རིག་ལྷན་ཁག་གི་ཁ་ཐུག་ལས་ བཀའ་རྒྱ་ག་ཅི་ཡང་ མ་གནང་ཟེར་ ཤེས་རིག་བློན་པོ་གིས་ བཤདཔ་ཨིན་མས།
དེ་བཟུམ་སྦེ་ འདས་པའི་བདུན་ཕྲག་ནང་ ཐིམ་ཕུག་ལུ་ འགོ་འདྲེན་འཐབ་མི་ རྫོང་ཁག་༢༠ གི་ ལོ་བསྟར་རྫོང་བདག་གི་ ཞལ་འཛོམས་ནང་ བརྡ་བརྒྱུདཔ་ཚུ་ བཙུགས་མ་བཏུབ་མི་ལུ་བརྟེན་ བརྡ་བརྒྱུདཔ་ཚུ་ལུ་ ཧེང་སྐལ་ར་ བདེན་པ་ཨིན་པའི་ ཡིད་ཆེས་བྱུང་ནུག།
གཞུང་གིས་འབད་བ་ཅིན་ དེ་བཟུམ་སླབ་སླབ་མེད་པའི་ཁར་ བརྡ་བརྒྱུད་ཀྱི་ དལ་དབང་ལུ་ཡང་ བར་བཀག་འབད་འབདཝ་མེད་ཟེར་ དོགས་སེལ་འབདཝ་ཨིན་རུང་ འཕྲལ་ཁམས་ཅིག་ཁར་ རང་དབང་ཅན་གྱི་ བརྡ་བརྒྱུདཔ་ཅིག་གིས་ སྙན་ཞུའི་ནང་ གསལ་བཀོད་འབད་ནིའི་དོན་ལུ་ སློབ་གྲྭ་ཅིག་ནང་ དྲི་བ་དྲིས་ལན་འབད་ནིའི་དོན་ལུ་ རྫོང་བདག་ལུ་ གནང་བ་ཞུ་དགོཔ་ བྱུང་མི་དེ་གིས་ བཀའ་རྒྱ་བྱིན་ཡོད་པའི་ མངོན་གསལ་བྱུངམ་མས་ཟེར་ ཞུ་ནི་ཨིན།
Check Also
ཕྱི་ཁར་འགྱོ་མི་ འབྲུག་མི་ཚུ་གི་དོན་ལུ་ སྤྱིར་བཏང་གོ་བརྡའི་ལས་རིམ།
༉ ད་ལྟོ་ གནད་དོན་ཚུ་ཁ་གསལ་སྦེ་ མ་ཤེས་ཏེ་འབད་རུང་ འབྲུག་མི་ལེ་ཤ་ཅིག་ར་ ཨཱསི་ཊེ་ལི་ཡ་ལུ་ སྣུམ་འཁོར་ཐུག་རྐྱེན་ལུ་བརྟེན་པའི་ ཤི་རྐྱེན་བྱུང་བའི་ཁར་ ལཱ་ཁག་རྐྱབ་དོ་ཡོད་པའི་ ལོ་རྒྱུས་ཚུ་གོ་མི་དེ་ རྒྱལ་ཡོངས་ལུ་ ཚ་གྱང་ཆེ་བའི་ གནད་དོན་ཅིག་ཨིནམ་ལས་ སེལ་ཐབས་འབད་དགོཔ་འདུག། འབྲུག་མི་ཚུ་གིས་ …