བཟོ་སྐྲུན་འབད་བའི་བསྒང་ཡོད་མི་ བུམོ་ཚུ་གི་ཉལ་ཁང་།

སློབ་གྲྭ་ལྟེ་བ་ལུ་ བསྒྱུར་བཅོས་འབད་བའི་ཤུལ་ལས་ སློབ་ཁང་དང་ཉལ་ཁང་ མ་ལང་པའི་དཀའ་ངལ།

༉ དུས་ཅི་ མོང་སྒར་ སྐྱིད་བདེ་མཁར་འབྲིང་རིམ་སློབ་གྲྭ་བར་མ་དེ་ སློབ་གྲྭ་ལྟེ་བ་ལུ་ བསྒྱུར་བཅོས་འབད་བའི་ཤུལ་ལས་ སློབ་ཁང་དང་ ཉལ་ཁང་ཚུ་ མ་ལང་པའི་དཀའ་ངལ་བྱུང་ནུག།
དེ་འབདཝ་ལས་ སློབ་གྲྭ་ཆུང་བའི་ སློབ་ཕྲུག་ཚུ་ སློབ་སྟོན་འབད་བའི་སྐབས་ བྱ་སྟབས་མ་བདེཝ་བྱུངམ་མ་ཚད་ ཉལ་ཁང་ལངམ་སྦེ་མེདཔ་ལས་ ཉལ་ཁྲི་གུ་ མི་ཐེབས་བཙུགས་ཏེ་ སྡོད་དགོཔ་བྱུང་ཡོདཔ་ཨིན་པས།
ཨིན་རུང་ སློབ་རིམ་༦ པ་ལས་ སློབ་རིམ་༡༠ པ་ཚུན་གྱི་ སློབ་ཕྲུག་ཚུ་ སྒྲིང་ཁྱིམ་ཚུ་ནང་ཡོད་མི་ སློབ་ཁང་ཚུ་ནང་ སློབ་སྟོན་འབདཝ་ཨིན་རུང་ སློབ་ཁང་ལ་ལོ་ཅིག་ སྤྱི་དོན་ཁང་མིག་བཟོ་སྟེ་ སློབ་སྟོན་འབད་དེ་འདུག།
ད་རེས་ནངས་པར་ སློབ་ཁང་༦ འབད་མི་ སྒྲིང་ཁྱིམ་༡ དང་ སློབ་ཁང་༡༢ འབད་མི་ སྒྲིང་ཁྱིམ་༡ གི་དོན་ལུ་ བཟོ་སྐྲུན་གྱི་ལཱ་ཚུ་ འབད་བའི་བསྒང་ཡོདཔ་མ་ཚད་ ཉལ་ཁྲི་༢༠༠ རེ་ཤོང་མི་ སློབ་ཕྲུག་བུཚ་དང་བུམོ་གི་ ཉལ་ཁང་རེ་རེ་ བཟོ་སྐྲུན་འབད་བའི་བསྒང་འདུག།
དེ་བཟུམ་སྦེ་ ཉལ་ཁྲི་༦༤ ཤོང་མི་ བུམོ་ཚུ་གི་ཉལ་ཁང་༡ ཡང་ བཟོ་སྐྲུན་འབད་བའི་བསྒང་ཡོད་མི་དེ་ གོང་འཕེལ་ཁག་འབགཔ་གིས་ སྤྱི་ལོ་༢༠༡༨ ཀྱི་སློབ་དུས་ ལོག་འགོ་བཙུགས་པའི་སྐབས་ བཟོ་སྐྲུན་འབད་ཚར་དགོཔ་ཨིན་པས།
སློབ་གྲྭའི་དབུ་འཛིན་ ཚེ་རིང་ལྷུན་གྲུབ་ཀྱིས་ སླབ་མིའི་ནང་ ནང་སྡོད་སློབ་ཕྲུག་བསྡོམས་༡༣༢ ཡོད་མི་ལས་ བུཚ་༦༣ དང་ བུམོ་༧༠ ཡོད་ཟེར་ཨིནམ་ད་ བུཚ་ཚུ་གི་དོན་ལུ་ ཉལ་ཁྲི་༣༢ དང་ བུམོ་ཚུ་གི་ ཉལ་ཁྲི་༣༢ ལས་བརྒལ་མེདཔ་ལས་ སློབ་ཕྲུག་ཚུ་ མ་ཤོང་པར་ཡོད་ཟེར་ཨིན་པས།
སློབ་ཕྲུག་ཚུ་ བཞེས་སྒོ་ཟ་སའི་ ཁང་མིག་ཅིག་མེདཔ་ལས་ དེ་འཕྲོ་ལས་ དཀའ་ངལ་སེལ་ནི་ལུ་ དོ་འགྲན་འབྱུང་ནི་ཨིནམ་མ་ཚད་ ཆུ་ལངམ་སྦེ་མེདཔ་ལས་ སློབ་ཕྲུག་ཚུ་ལུ་ དུས་ཚོད་ཁར་མ་གཏོགས་ ཆུ་བྱིན་མི་ཚུགས་པས་ཟེར་ཨིན་པས།
དེ་བཟུམ་མའི་ དཀའ་ངལ་བྱུང་མི་དེ་ཡང་ རྒྱལ་པོའི་ཞིང་སློབ་གྲྭ་ལྟེ་བ་དེ་ མཐོ་རིམ་སློབ་གྲྭ་ལུ་ བསྒྱུར་བཅོས་འབད་མི་དེ་གིས་ སྤྱི་ལོ་༢༠༡༦ ཚུན་ རྒེད་འོག་གཞན་གྱི་ སློབ་གྲྭ་ཆུང་བ་དང་ འབྲིང་རིམ་སློབ་གྲྭ་འོག་མ་ཚུ་ལས་ མཐར་འཁྱོལ་མི་ སློབ་ཕྲུག་ཚུ་ ཨ་རྟག་བཟུམ་སྦེ་ འགྱོ་མ་ཚུགསཔ་ཨིན་པས།
དེ་འབདཝ་ལས་ ཙ་ཀ་གླིང་དང་ ཆ་གླིང་འབྲིང་རིམ་སློབ་གྲྭ་འོག་མའི་ སློབ་ཕྲུག་བུཚ་དང་བུམོ་ཚུ་ སྐྱིད་བདེ་མཁར་འབྲིང་རིམ་སློབ་གྲྭ་བར་མའི་ནང་ ལེན་དགོཔ་བྱུང་ནུག།
སློབ་གྲྭ་ལྟེ་བའི་ནང་ ཉིནམ་རེ་ལུ་ སློབ་ཚན་༡༦ གི་དོན་ལུ་ སློབ་སྟོན་འབད་མི་ སློབ་དཔོན་༣༢ ཡོདཔ་ད་ སློབ་གྲྭ་ནང་ སློབ་ཕྲུག་བསྡོམས་༤༩༤ ཡོདཔ་ཨིན་པས།
མོང་སྒར་རྫོང་ཁག་ནང་ སློབ་གྲྭ་ལྟེ་བ་༥ གཞི་བཙུགས་འབད་ཡོད་མི་ལས་ རྒྱལ་པོའི་ཞིང་སློབ་གྲྭ་ལྟེ་བ་དང་ ལྕགས་སི་མཁར་སློབ་གྲྭ་ལྟེ་བ་ ཡ་ལྡི་སློབ་གྲྭ་ལྟེ་བ་ དགྲ་མེད་རྩེ་སློབ་གྲྭ་ལྟེ་བ་ དེ་ལས་ སྐྱིད་བདེ་མཁར་སློབ་གྲྭ་ལྟེ་བ་ཚུ་ཨིན་པས།
སྐྱིད་བདེ་མཁར་ སློབ་གྲྭ་བདག་སྐྱོང་གི་ཁ་ཐུག་ལས་འབད་བ་ཅིན་ ད་ལྟོ་ བཟོ་སྐྲུན་འབད་ནི་འགོ་བཙུགས་མི་ སློབ་ཁང་དང་ སྤྱི་དོན་ཁང་ སློབ་ཁང་ཚུ་ སང་ཕོད་ སློབ་དུས་འགོ་བཙུགས་པའི་སྐབས་ བཟོ་སྐྲུན་འབད་ཚར་ནི་ལུ་ རེ་བ་བསྐྱེད་ཡོདཔ་བཞིན་དུ་ སློབ་གྲྭ་བདག་སྐྱོང་གི་ཁ་ཐུག་ལས་ ལྟ་རྟོག་ཚུ་ འབད་དོ་ ཡོདཔ་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བཀྲིས་ཕུན་ཚོགས།

About admin

Check Also

གློག་ཤུགས་ཀྱིས་ ཆུ་མིག་ཐང་གི་ སློབ་ཕྲུག་ཅིག་འཚིགས་ཡོདཔ།

༉ སྐྱེས་ལོ་༡༤ ལང་མི་ ཆུ་མིག་ཐང་འབྲིང་རིམ་སློབ་གྲྭ་བར་མའི་ སློབ་ཕྲུག་ཅིག་ གློག་མེ་གིས་ ཤུགས་འབད་ར་ འཚིགས་པའི་ཤུལ་ལས་ ད་ལྟོ་ ཕུན་ཚོགས་གླིང་སྨན་ཁང་ནང་ སྨན་བཅོས་འབད་བའི་བསྒང་ཡོདཔ་ཨིན་པས། རྐྱེན་ངན་དེ་ཡང་ སྤྱི་ཟླ་༦ པའི་ཚེས་༢༥ ལུ་ …

Leave a Reply

Your email address will not be published. Required fields are marked *