༉ སློབ་ཕྲུག་ཚུ་ལུ་ གནོད་འཚེ་འབད་ནི་ལས་བཀག་ཐབས་དང་ རྒྱབ་སྐྱོར་གྱི་ཐབས་ལམ་བཟུམ་ཅིག་སྦེ་ ཤེས་རིག་ལྷན་ཁག་གིས་ སློབ་གྲྭ་ཆུང་བ་ཚུ་ནང་ བསླབ་སྟོན་གནད་དོན་དང་འབྲེལ་བའི་ ཆད་སྐྱོན་ཚུ་ ལྟ་རྟོག་འབད་ནིའི་དོན་ལུ་ ཉེན་སྲུང་དང་ལྡན་པའི་ སློབ་གྲྭའི་ཞིབ་འཚོལ་ལས་རིམ་ཅིག་ འགོ་འདྲེན་འཐབ་ནི་ཨིན་པས།
དེ་ཡང་ ཤེས་རིག་བློན་པོ་ ནོར་བུ་དབང་ཕྱུག་གིས་ སྤྱི་ཟླ་༤ པའི་ཚེས་༡༩ ལུ་ སློབ་གྲྭ་ཉེན་སྲུང་དང་ལྡནམ་སྦེ་ བཟོ་ནི་ཨིན་ཟེར་བའི་ གནད་དོན་ཐོག་ལུ་ ཤེས་རིག་གྲོས་བསྡུར་ནང་ གསལ་བཤད་འབད་ཡོདཔ་ད་ དེ་ཡང་ ལྷན་ཁག་གིས་ འཕྲལ་ཁམས་ཅིག་ཁར་ ཐིམ་ཕུག་ སྦྱིས་མེད་ནང་སློབ་གྲྭ་ཆུང་བའི་ནང་ སློབ་ཕྲུག་བུམོ་ཚུ་ལུ་ འདོད་སྤྱོད་གནོད་འཚེ་འབད་བའི་ གནད་དོན་ལུ་གཞི་བཞག་སྟེ་ ཐབས་ལམ་བཏོན་ཡོདཔ་ཨིན་པས།
གྲོས་བསྡུར་སྐབས་ སློབ་གྲྭ་ཆུང་བ་ཚུ་ནང་ བསླབ་སྟོན་པ་ ལངམ་མེད་པའི་སྐོར་ལས་ཡང་ གསུང་གྲོས་གནང་ཡོདཔ་ད་ ད་ལྟོ་ འབྲིང་རིམ་སློབ་གྲྭ་ཚུ་ནང་ བསླབ་སྟོན་པ་༡༠༣ བཙུགས་ཏེ་ཡོད་རུང་ སློབ་གྲྭ་ཆུང་བ་ཚུ་ནང་ ཕུད་རྡོག་༡ ཡང་མེདཔ་ཨིན་པས།
ཚེ་གཡོག་ཤེས་ཡོན་དང་བསླབ་སྟོན་སྡེ་ཚན་གྱི་འགོ་འཛིན་ བཀྲ་ཤིས་དཔལ་འཛོམས་ཀྱིས་ སླབ་མིའི་ནང་ སློབ་གྲྭ་ཆུང་བའི་ སློབ་ཕྲུག་ཚུ་ ལོ་ན་ཆུངམ་ལས་ ཧ་མ་གོ་ནི་དེ་གིས་ བསླབ་སྟོན་པ་ཚུ་གིས་ ཕན་མི་ཐོགས་ཟེར་ཨིན་པས།
ཨིན་རུང་ ས་ཁོངས་མང་ཤོས་ཅིག་ནང་ བལྟ་དགོཔ་ཡོདཔ་ལས་ ང་བཅས་ཀྱིས་ འབྲིང་རིམ་སློབ་གྲྭའི་ དབུ་འཛིན་ཚུ་དང་ གྲོས་འཛོམས་འབད་དེ་ ཉེན་སྲུང་ལྡན་པའི་ སློབ་གྲྭའི་ལས་རིམ་ བཟོ་ནི་གི་ འཆར་གཞི་བཟོ་སྟེ་ཡོད་ཟེར་ བཀྲ་ཤིས་དཔལ་འཛོམས་ཀྱིས་ བཤདཔ་ཨིན་པས།
ཨམ་སྲུའི་ཆ་བཞག་དང་ལྕོགས་གྲུབ་ཡར་སྐྱེད་ལས་སྡེ་གི་ བཀོད་ཁྱབ་མདོ་ཆེན་ རྟ་མགྲིན་དབང་མོ་གིས་ སླབ་མིའི་ནང་ ཉེན་ཁ་ཡོད་པའི་ ཨ་ལུ་ཚུ་གི་སྐོར་ལས་ ཞིབ་འཚོལ་འབདཝ་ད་ སེམས་དང་མ་ལྡནམ་ ལེ་ཤ་མཐོང་ནི་དེ་གིས་ ཉེན་སྲུང་དང་ལྡནམ་བཟོ་ནི་ལུ་ ཐབས་ལམ་བཏོན་པའི་བསྒང་ཡོད་ཟེར་ཨིན་པས།
རྒྱལ་ཡོངས་ཨམ་སྲུ་ཚོགས་པའི་ཁྲི་འཛིན་ ཞབས་ཏོག་བློན་པོ་ རྡོ་རྗེ་ཆོས་སྒྲོན་གྱིས་ སླབ་མིའི་ནང་ སེམས་ཁམས་ཀྱི་ ནད་གཞི་ཡོད་མི་ཚུ་གིས་ བྱ་ངན་འབད་མི་ཚུ་གི་སྐོར་ལས་ དབྱེ་དཔྱད་འབད་དགོཔ་འདུག་ཟེར་ ཨིན་པའི་གནས་ཚུལ།
སྐད་སྒྱུར་ ཚེ་རིང་རྣམ་རྒྱལ།