སློབ་གྲྭ་ཚུ་ལུ་ སློབ་ཕྲུག་གི་ བེག་གི་ལྗིད་ཚད་མར་ཕབ་ཀྱི་དྲན་བསྐུལ།

༉ ད་རེས་ནངས་པར་ སློབ་ཕྲུག་ཚུ་གིས་འབག་མི་ བེག་གི་ལྗིད་ཚད་ མར་ཕབ་འབད་ཐབས་ལུ་ སློབ་གྲྭ་མང་ཤོས་ཅིག་གིས་ ཁྱིམ་ལཱ་གི་ སྲིད་བྱུས་བཟོ་ནི་དང་ སློབ་ཕྲུག་ཚུ་གི་ བྱ་སྟབས་བདེ་སྡུག་དང་འཁྲིལ་ཏེ་ ཐབས་ལམ་སྣ་ཚོགས་ བཏོན་དོ་ཡོདཔ་ཨིན་པས།
དེ་ཡང་ རྒྱལ་འཛིན་ཤེས་རིག་ཚོགས་སྡེ་གིས་ སྤྱི་ཟླ་༣ པའི་ཚེས་༢༣ ལུ་ རྒྱལ་ཁབ་ནང་འཁོད་ཀྱི་ སློབ་གྲྭ་ཚུ་ནང་ སློག་ཕྲུག་ཚུ་གིས་ ལག་ལེན་འཐབ་མི་ ལྗིད་ཚད་ཅན་གྱི་ སློབ་གྲྭའི་བེག་གི་ ཕན་གནོད་དང་ ལྗིད་ཚད་མར་ཕབ་འབད་ནིའི་དོན་ལུ་ ཐབས་ལམ་བཏོན་དགོ་པའི་ ཁྱབ་བསྒྲགས་འབད་ནུག།
ཁྱབ་བསྒྲགས་ནང་ སློབ་གྲྭ་ཚུ་གིས་ རང་སོའི་སློབ་ཕྲུག་ཚུ་གི་ བེག་གི་ལྗིད་ཚད་ མར་ཕབ་འབད་ཐབས་ལུ་ ཐབས་ལམ་ག་ཅི་བཏོན་ཏེ་ཡོདཔ་ཨིན་ན་ ཚོགས་སྡེ་དང་ ཤེས་རིག་ལྷན་ཁག་ལུ་ སྙན་ཞུ་འབད་དགོཔ་སྦེ་འཁོད་ནུག།
མ་གཞི་ གནད་དོན་དེ་གི་སྐོར་ལས་ ན་ཧིང་ སྤྱི་ཟླ་༤ པའི་ནང་ ཁྱབ་བསྒྲགས་འབད་ཡོད་རུང་ ཕན་ཁྱད་ག་ཅི་ཡང་ བྱུང་མ་ཚུགས་པའི་ཁར་ སློབ་གྲྭ་ལ་ལོ་ཅིག་གིས་ ལག་ལེན་མ་འཐབ་པས་ཟེར་ཨིན་པས།
ཚོགས་སྡེའི་མདོ་ཆེན་ ཀུན་དགའ་གྲགས་པ་གིས་ སླབ་མིའི་ནང་ སློབ་གྲྭ་མང་ཤོས་ཅིག་གིས་ བེག་གི་ལྗིད་ཚད་ མར་ཕབ་ཀྱི་ ཐབས་ལམ་མ་བཏོན་པར་ཡོདཔ་ལས་ སློབ་ཕྲུག་ཚུ་ ལྗིད་ཅན་གྱི་བེག་ཚུ་ འབག་སྟེ་ར་འདུག་ཟེར་ཨིན་པས།
དེ་བཟུམ་མའི་ ཐབས་ལམ་བཏོན་དགོ་པའི་སྐོར་ལས་ སྤྱི་ལོ་༢༠༡༦ ཟླ་༡༢ པའི་ནང་ ཕུན་ཚོགས་གླིང་ལུ་ ཤེས་རིག་གྲོས་ཚོགས་ཐེངས་༡༨ པ་འཚོགས་པའི་སྐབས་ གྲོས་འཆར་བྱུང་ནུག།
ཚོགས་སྡེའི་མདོ་ཆེན་གྱིས་འབད་བ་ཅིན་ དཔེ་དེབ་ཚུ་ ཡོངས་འབྲེལ་ཐོག་ལས་ བཟོ་ནིའི་དོན་ལུ་ བརྟག་ཞིབ་ཅིག་འབད་བའི་སྐབས་ ད་ལྟོའི་ སློབ་གྲྭའི་ལམ་ལུགས་ནང་ སློབ་ཕྲུག་ཚུ་གིས་ བེག་ནང་ཅ་ལ་ཀེ་ཇི་༥ དང་༡༠ དེ་རེ་ འབག་དགོ་པའི་ཁར་ ལམ་ཐག་རིང་སར་ ལམ་འགྱོ་དགོ་པའི་ མཐོང་གསལ་བྱུང་ཡི་ཟེར་ཨིན་པས།
ཨིན་རུང་ བརྟག་ཞིབ་འབད་བའི་སྐབས་ བེག་ལྗིད་ཅན་ཚུ་ འབག་མ་ཆོགཔ་ཨིན་རུང་ སློབ་ཕྲུག་ཚུ་གི་ གཟུགས་ཀྱི་ལྗིད་ཚད་ལས་ བརྒྱ་ཆ་༡༥ དོ་འབགཔ་མ་ཚད་ ལྟོ་བཅིངས་འབགཔ་ད་ ལྗིད་ཚད་ཡར་སེང་འགྱོ་བའི་ ཤེས་རྟོགས་བྱུང་ནུག།
གནད་དོན་དེ་གི་སྐོར་ལས་ ཤེས་ཡོན་གྱི་ བརྟག་ཞིབ་ཅིག་འབདཝ་ད་ ལྗིད་ཚད་ཅན་གྱི་ བེག་འབག་པའི་སྐབས་ གཟུགས་ཁམས་འཕྲོད་བསྟེན་གྱི་ དཀའ་ངལ་ཡོད་མི་ སློབ་ཕྲུག་ཚུ་ གཟུགས་ན་ནི་དང་ གློཝ་ལེགས་ཤོམ་སྦེ་ ལཱ་འབད་མ་བཏུབ་ཐལ་ནི་ དེ་ལས་ མ་འོངས་པར་ སེམས་ཁམས་ལུ་ ཐོ་ཕོག་ཉེན་ཡོད་པའི་ མངོན་གསལ་བྱུང་ནུག།
དེ་མ་ཚད་ སེམས་སྡུག་བྱུང་མི་དང་ ཚ་གྱང་ལང་མི་ལུ་བརྟེན་ ཨ་ལོ་ཚུ་ སློབ་གྲྭ་ནང་ འགྱོ་ནི་ལུ་ སྤྲོ་བ་ཞེནམ་མ་ཚད་དཔེ་ཆ་ལུ་ སེམས་ཤུགས་བསྐྱེད་མ་ཚུགསཔ་ལས་ གྲུབ་འབྲས་ལུ་ཡང་ ཐོ་ཕོག་ཉེན་ཡོད་པའི་ ཤེས་རྟོགས་བྱུང་ཡོདཔ་ཨིན་པས།
དེ་འབདཝ་ལས་ ཚོགས་སྡེ་གིས་ བེག་གི་ལྗིད་ཚད་ མར་ཕབ་འབད་ནིའི་དོན་ལུ་ ཁྱིམ་ལཱ་གི་ སྲིད་བྱུས་བཟོ་དགོཔ་དང་ ཉིནམ་རེ་ལུ་ ཆོས་ཚན་གཅིག་མ་གཏོགས་ ཁྱིམ་ལཱ་བྱིན་མ་ཆོགཔ་ སློབ་ཁང་ནང་ དཔེ་དེབ་དང་ འབྲི་དེབ་བཞག་ས་བཟོ་དགོཔ་ དེ་ལས་ སློབ་གྲྭ་ནང་ སློབ་ཕྲུག་ཚུ་གིས་ འབྲི་དེབ་ལེ་ཤ་ འབག་མ་དགོ་པའི་ ཐབས་ལམ་ཚུ་ བཏོན་དགོ་པའི་ ཁྱབ་བསྒྲགས་བཏང་ཡི་ཟེར་ མདོ་ཆེན་གྱིས་ བཤདཔ་ཨིན་པས།
ད་རུང་ སྟུག་ཚད་ཅན་གྱི་ འབྲི་དེབ་ཚུ་ ཉོ་མི་ཆོག་ནི་དང་ སློབ་གྲྭ་ཚུ་གིས་ གཙང་སྦྲ་དང་ལྡན་པའི་ ཆུ་བཀྲམ་སྤེལ་འབད་དགོཔ་མ་ཚད་ ཕམ་ཚུ་གིས་ སློབ་གྲྭ་ནང་ རང་སོའི་ཨ་ལོ་ཚུ་གི་དོན་ལུ་ ཉིན་ལྟོ་ཚུ་ འབག་དགོ་པའི་ ཁྱབ་བསྒྲགས་འབད་དེ་ཡོད་ཟེར་ཨིན་པས།
ཚོགས་སྡེ་གིས་ སྤྱི་ཟླ་༧ པ་ཚུན་ ཐབས་ལམ་ཚུ་ ལག་ལེན་འཐབ་ནིའི་དོན་ལས་ བསྒུག་ནི་ཨིན་རུང་ གལ་སྲིད་ ལྟ་རྟོག་འབད་བའི་སྐབས་ ལག་ལེན་མ་འཐབ་པར་ མཐོང་པ་ཅིན་ ཤེས་རིག་ལྷན་ཁག་ལུ་ དྲན་གསོའི་ཡི་གུ་འབྲི་འོང་ཟེར་ ཀུན་དགའ་གྲགས་པ་གིས་ བཤད་ཅི།
སློབ་གྲྭའི་དབུ་འཛིན་དག་པ་ཅིག་གིས་ ཀུན་གསལ་ལུ་ བཤད་མིའི་ནང་ ཁྱབ་བསྒྲགས་དང་འཁྲིལ་ཏེ་ ཐབས་ལམ་ཚུ་བཏོན་ནིའི་དོན་ལུ་ ལཱ་འབད་བའི་བསྒང་ཡོདཔ་མ་ཚད་ སློབ་གྲྭ་ལ་ལོ་གིས་ ཉིན་བསྟར་བཞིན་དུ་ ཆོས་ཚན་༡ མ་གཏོགས་ བྱིན་མ་ཆོག་པའི་ ཁྱིམ་ལཱ་གི་ སྲིད་བྱུས་བཟོ་ནི་ལུ་ ལཱ་འབད་དོ་ཟེར་ཨིན་པས།
ཨིན་རུང་ དབུ་འཛིན་མང་ཤོས་ཅིག་གིས་ སླབ་མིའི་ནང་ སློབ་ཕྲུག་ཚུ་གི་ དཔེ་དེབ་དང་ འབྲི་དེབ་ཚུ་ སློབ་གྲྭ་ནང་ བཞག་ས་བཟོ་ནིའི་དོན་ལུ་ གཞུང་ལས་ འཆར་དངུལ་གནང་དགོཔ་ཡོད་པའི་ཁར་ ད་ལྟོ་ སློབ་ཕྲུག་ཚུ་གིས་ འབྲི་དེབ་ཚུ་ ཉོ་ཚར་ཏེ་ཡོདཔ་ལས་ སློབ་གྲྭ་ལོ་ཕྱེད་ལས་མ་གཏོགས་ ལྗིད་ཚད་མེད་པའི་ འབྲི་དེབ་ཚུ་ ཉོ་མི་ཚུགས་ནི་མས་ཟེར་ཨིན་པས།
ཁོང་གིས་འབད་བ་ཅིན་ བེག་ལྗིད་ཅན་གྱི་ དཀའ་ངལ་དེ་ཡང་ མང་ཤོས་ར་ ཕྱི་སྡོད་སློབ་གྲྭ་ཚུ་ནང་མ་གཏོགས་ ནང་སྡོད་མཐུན་རྐྱེན་ཡོད་མི་ སློབ་གྲྭ་ལྟེ་བ་ཚུ་ནང་ མ་བྱུང་པས་ཟེར་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *