རྫོང་བདག་དང་ མི་རྩིས་འགོ་དཔོན་ཚུ་གིས་ མི་ཁུངས་ངོ་སྤྲོད་ལག་ཁྱེར་ གསརཔ་བཟོ་ནིའི་དོན་ལུ་ བདེན་དཔྱད་འབད་བའི་བསྒང་།

སློབ་གྲྭ་ཚུ་ནང་ སློབ་ཕྲུག་ཚུ་ལུ་ ངོ་སྤྲོད་ལག་ཁྱེར་བཟོ་ནིའི་ ཞབས་ ཏོག་མཁོ་སྤྲོད།

༉ ད་རེས་ནངས་པར་ སྐྱེས་ལོ་༡༥ ཡན་ཆད་འབད་མི་ སློབ་ཕྲུག་ཚུ་གིས་ མི་ཁུངས་ངོ་སྤྲོད་ལག་ཁྱེར་བཟོ་བར་ རང་སོའི་རྫོང་ཁག་དང་ ཉེ་འདབས་ཀྱི་ རྫོང་ཁག་ཚུ་ནང་ འགྱོ་མ་དགོ་པར་ སློབ་གྲྭ་ནང་ ཞབས་ཏོག་སྤྱོད་ཚུགསཔ་ཨིན་པས།
དེ་ཡང་ འཕྲལ་ཁམས་ཅིག་ཁར་ མོང་སྒར་རྫོང་ཁག་གི་ ཞི་བའི་ཐོ་བཀོད་དང་ མི་རྩིས་སྡེ་ཚན་གྱི་ འགོ་དཔོན་ཚུ་གིས་ འབྲིང་རིམ་སློབ་གྲྭ་འོག་མ་ལས་ འབྲིང་རིམ་སློབ་གྲྭ་གོང་མ་ཚུན་གྱི་ སློབ་ཕྲུག་ཚུ་ ངོ་སྤྲོད་ལག་ཁྱེར་བཟོ་ ནིའི་དོན་ལུ་ ཞབས་ཏོག་འགོ་བཙུགས་ཏེ་འདུག།
ཞི་བའི་ཐོ་བཀོད་དང་ མི་རྩིས་སྡེ་ཚན་ལས་ འགོ་དཔོན་བསོད་ནམས་ཕུན་ཚོགས་ཀྱིས་ སླབ་མིའི་ནང་ ད་ལྟོ་ཚུན་ སྐྱེས་ལོ་༡༥ ཡན་ཆད་འབད་མི་ ན་གཞོན་སློབ་ཕྲུག་ཚུ་གི་ ངོ་སྤྲོད་ལག་ཁྱེར་བཟོ་ནིའི་ དུས་ཚོད་དེ་ གནམ་བྱཱར་དང་ དགུན་གྱི་སློབ་གྲྭའི་ངལ་གསོ་སྐབས་ རྫོང་ཁག་དང་ ཐིམ་ཕུག་ཞི་བའི་ཐོ་བཀོད་དང་ མི་རྩིས་ལས་ཁུངས་ནང་ བཟོ་ཡི་ཟེར་ཨིན་པས།
བསོད་ནམས་ཕུན་ཚོགས་ཀྱིས་འབད་བ་ཅིན་ གནམ་བྱཱར་གྱི་ སློབ་གྲྭའི་ངལ་གསོ་ འཕྲོ་བརླག་མི་འགྱོ་ནི་དང་ ཟད་འགྲོ་མར་ཕབ་འབད་ཐབས་ལུ་ གཟའ་ཉི་མ་དང་ ཟླ་བ་ལུ་ འགོ་འདྲེན་འཐབ་དོ་ཡོདཔ་ལས་ དཔེ་ ཆ་ལྷབ་ནིའི་ དུས་ཚོད་ལུ་ ཐོ་མི་ཕོག་ཟེར་ཨིན་པས།
སྤྱི་ཟླ་༨ པའི་ཚེས་༡༤ ལུ་ ཆ་གླིང་འབྲིང་རིམ་སློབ་གྲྭ་འོག་མའི་ནང་ འགོ་འདྲེན་འཐབ་པའི་སྐབས་ སློབ་ཕྲུག་༢༠ ལྷགཔ་ཅིག་གི་ པར་ཚུ་བཏབ་སྟེ་ ཐོ་བཀོད་འབད་ཡོདཔ་མ་ཚད་ གཡུས་ཁའི་མི་སེར་ཚུ་ལུ་ཡང་ གོ་སྐབས་སྤྲོད་ནུག།
སྐྱེས་ལོ་༡༧ ལང་མི་ སློབ་ཕྲུག་ཡེ་ཤེས་ནོར་བུ་གིས་ སླབ་མིའི་ནང་ རྒེད་འོག་གི་རྒཔོ་དང་ ཚོགས་པ་ཚུ་ལས་ མི་ཁུངས་ངོ་སྤྲོད་ལག་ཁྱེར་བཟོ་ནིའི་ ཡིག་ཆ་ཚུ་ བྱིན་ཡོད་རུང་ དུས་ཚོད་མ་ཐོབ་ལས་ གནམ་དགུན་གྱི་ ངལ་ གསོའི་སྐབས་ འགྱོ་ནི་སྦེ་ སྡོད་ཅི་ཟེར་ཨིན་པས།
ད་རུང་ སློབ་ཕྲུག་ཟླ་བ་སྒྲོལ་མ་གིས་ སླབ་མིའི་ནང་ གནམ་བྱཱར་གྱི་ ཆར་ཆུའི་དུས་ཚོད་ནང་ ཚེ་སྲོག་ལུ་ ཉེན་གནོད་ཆེ་བའི་ཁར་ ཕམ་ཚུ་ཡང་ ལཱ་ཁག་སྦེ་ རྫོང་ཁག་ཚུན་ ཟད་འགྲོ་གཏང་འགྱོ་མ་དགོ་པའི་ ཁེ་ཕན་འདུག་ཟེར་ཨིན་པས།
སློབ་ཕྲུག་གི་ཕམ་ ཕུན་ཚོགས་དབང་མོ་གིས་ མི་ཁུངས་ངོ་སྤྲོད་ལག་ཁྱེར་བཟོ་བར་ ཨ་ལོ་རྐྱངམ་གཅིག་སྦེ་ བཏང་མ་ཚུགསཔ་ལས་ ཆ་རོགས་སྦེ་འགྱོཝ་ད་ ཞིང་ནང་ལཱ་འབད་ནི་ལུ་ ཐོ་ཕོག་པའི་ཁར་ ཟད་འགྲོ་ཡང་ ཐེབས་གནས་པའི་ དཀའ་ངལ་སེལ་ཚུགས་ཅི་ཟེར་ བཤདཔ་ཨིན་པས།
རྫོང་ཁག་ནང་ འབྲིང་རིམ་སློབ་གྲྭ་གོང་འོག་དང་ སློབ་གྲྭ་ལྟེ་བའི་ སློབ་ཕྲུག་བསྡོམས་༣༠༠ ལྷགཔ་ཅིག་གི་ ངོ་སྤྲོད་ལག་ཁྱེར་བཟོ་ནི་དེ་ སྤྱི་ཟླ་༩ པའི་ནང་ མཇུག་བསྡུ་ནི་ཨིན་པས།
དེ་ལས་ རྫོང་ཁག་གཞན་ཁའི་ སློབ་ཕྲུག་ཚུ་གི་ མི་ཁུངས་ལག་ཁྱེར་བཟོ་ནི་ལུ་ རང་སོའི་རྒེད་འོག་ལས་ རྒཔོ་དང་ རྫོང་ཁག་ཞི་བའི་ཐོ་བཀོད་དང་ མི་རྩིས་སྡེ་ཚན་ལས་ ཡིག་ཆ་ཚུ་ ཚང་དགོཔ་མ་ཚད་ རྫོང་བདག་ཚུ་ལས་ མིང་རྟགས་རྐྱབ་མི་ ངོ་སྦྱོར་ཡི་གུ་ དགོཔ་ཨིན་པས།
ད་ལྟོ་ ངོ་སྤྲོད་ལག་ཁྱེར་གྱི་དོན་ལུ་ པར་བཏབ་མི་ཚུ་ ཡོངས་འབྲེལ་ཐོག་ ཞི་བའི་མི་རྩིས་ལས་ཁུངས་ལུ་ གཏང་ནི་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བཀྲིས་ཕུན་ཚོགས།

 

About admin

Check Also

སྐྱེས་ལོ་༡༢ ཡན་ཆད་འབད་མི་ བུམོ་ཅིག་གིས་ ཨ་ལོ་སྐྱེས་ཡོདཔ།

༉ སྐྱེས་ལོ་༡༢ ཡན་ཆད་འབད་མི་ བུམོ་ཅིག་གིས་ ཨ་ལོ་སྐྱེས་ཡོད་མི་དེ་ལུ་ ཐིམ་ཕུག་ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་ཤུལ་ལས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ སྙན་ཞུ་འབད་མི་དེ་ ད་རེས་ནངས་པར་ ཁྲིམས་འདུན་ལུ་ རྩོད་བཤེར་འབད་བའི་བསྒང་ཨིན་པས། དེ་ཡང་ བུམོ་ཅིག་གིས་ སྤྱི་ལོ་༢༠༢༢ …

Leave a Reply

Your email address will not be published. Required fields are marked *