ཆུ་ཁ་རྫོང་ཁག་ཚོགས་འདུ་ འཚོགས་པའི་བསྒང་།

སློབ་གྲྭ་ཚུ་ནང་ བཞེས་སྒོ་བཅུད་ཅན་བྱིན་ནིའི་དོན་ལུ་ ཐབས་བྱུས་བཏོན་ནི།

༉ ཆུ་ཁ་རྫོང་ཁག་ཚོགས་འདུ་ ཐེངས་༤ པའི་ནང་ སློབ་ཕྲུག་ཨ་ལོ་ཚུ་ལུ་ བཞེས་སྒོ་བཅུད་ཅན་བྱིན་ནིའི་དོན་ལས་ ལྟོ་ཐོབ་སློབ་གྲྭ་དང་སོ་ནམ་པ་ཚུ་གིས་ མཉམ་རུབ་ཐོག་ལས་ ལཱ་གཅིག་ཁར་འབད་ནི་སྦེ་ གྲོས་ཐག་བཅད་ཡོདཔ་ཨིན་པས།
ཟླཝ་༦ གི་རིང་ ནང་འཁོད་ཀྱི་ཚོད་བསྲེ་ཚུ་ ལངམ་སྦེ་ཐོབ་ཚུགས་པའི་སྐབས་ ལས་རིམ་དེ་ མོ་བཏབ་བཟུམ་ཅིག་སྦེ་ ལག་ལེན་འཐབ་ནི་ཨིན་ཟེར་ཨིན་པས།
སྤྱི་ཟླ་༣ པའི་ཚེས་༡༥ ལུ་འཚོགས་མི་ རྫོང་ཁག་ཚོགས་འདུ་སྐབས་ ཆུ་ཁ་རྫོང་ཁག་གི་ ཤེས་རིག་གཙོ་འཛིན་འགོ་དཔོན་ ཀུན་ལེགས་རྒྱལ་མཚན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ གཞུང་གིས་ ཆུ་ཁ་རྫོང་ཁག་ནང་གི་ སློབ་ཕྲུག་ཚུ་གི་དོན་ལུ་ ཚོད་བསྲེ་དང་ ཉེ་བར་མཁོ་བའི་ བཟའ་ཆས་ཚུ་ ཉོ་ནི་གི་དོན་ལུ་ དངུལ་ཀྲམ་ས་ཡ་༡༠ ཟད་འགྲོ་བཏང་དོ་ཟེར་ཨིན་པས།
ལོ་བསྟར་བཞིན་དུ་ སློབ་གྲྭ་ཚུ་ནང་ ཀེ་བ་དང་ ཀོ་པི་ མེ་ཊིག་ཊཱོན་༡༠ དང་ སྲནམ་ཅུམ་མེ་ཊིག་ཊཱོན་༣ དེ་ལས་ མེ་ཏོག་ཀོ་པི་ མེ་ཊིག་ཊཱོན་༢ ཉོ་དོ་ཡོདཔ་ཨིན་པས།
ཤེས་རིག་གཙོ་འཛིན་འགོ་དཔོན་གྱིས་ སླབ་མིའི་ནང་ ད་ལྟོ་ཚུན་ཚོད་ཀྱི་རིང་ ཚོད་བསྲེ་མཁོ་སྒྲུབ་འབད་མི་ཚུ་ག་ར་ ནང་འདྲེན་འབད་དོ་ཡོདཔ་ལས་ ཨ་ལོ་ཚུ་གིས་ ཟས་བཅུད་ངོ་མ་ འཐོབ་མི་ཚུགས་ནི་མས་ཟེར་ཨིན་པས།
ཀུན་ལེགས་རྒྱལ་མཚན་གྱིས་འབད་བ་ཅིན་ ད་ཚུན་ནང་འདྲེན་འབད་མི་ ཚོད་བསྲེ་ཚུ་ག་ར་ འཛུགས་སྐྱོང་འབད་ཞིནམ་ལས་ བཀྲམ་སྤེལ་འབད་ནིའི་ འོས་འབབ་དེ་ ཆུ་ཁ་རྫོང་ཁག་ལུ་ ཡོད་ཟེར་ཨིན་པས།
ཤེས་རིག་སྡེ་ཚན་དང་ སོ་ནམ་སྡེ་ཚན་གྱིས་ ཚོད་བསྲེའི་རིགས་ཚུ་ ཐོན་སྐྱེད་འབད་ཚུགས་མ་ཚུགས་ཀྱི་ འོས་འབབ་བརྟག་དཔྱད་ཡང་ ལེགས་ཤོམ་སྦེ་ར་ འབད་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཆུ་ཁ་རྫོང་ཁག་ནང་ འགོ་དང་པ་ར་ ཚོད་བསྲེ་ལེགས་ཤོམ་སྦེ་ ཐོན་སྐྱེད་འབད་ཚུགས་པའི་ ས་གནས་ངོས་འཛིན་འབད་ཞིནམ་ལས་ ཚོད་བསྲེ་དང་ སྒོ་ནོར་གྱི་ཐོན་སྐྱེད་ཚུ་ བཀྲམ་སྤེལ་འབད་ནི་ཨིན་ཟེར་ཨིན་པས།
སོ་ནམ་པ་དང་ ལྟོ་ཐོབ་ཀྱི་སློབ་གྲྭ་ཚུ་གིས་ མཉམ་འབྲེལ་ཐོག་ལས་ ལཱ་འབད་བའི་སྐབས་ གདོང་ལེན་བྱུང་མི་ཚུ་ ཚོགས་འདུ་ནང་ གྲོས་བསྡུར་འབད་ཡོདཔ་ད་ ད་ལྟོ་ མོ་བཏབ་ཀྱི་ལས་རིམ་དེ་ འགོ་འདྲེན་འཐབ་པའི་སྐབས་ སོ་ནམ་པ་ཚུ་གིས་ ཁོང་རའི་ སོ་ནམ་ཐོན་སྐྱེད་ཚུ་ ལེགས་ཤོམ་སྦེ་ ཚོང་འབྲེལ་འཐབ་ཚུགས་མི་ཁྲོམ་ཁར་ བསྐྱལ་ཚུགས་ནི་ལུ་ དཀའ་ངལ་འབྱུང་འོང་ཟེར་ཨིན་པས།
དེ་འབདཝ་ལས་ དཀའ་ངལ་དེ་ བསལ་ནིའི་དོན་ལུ་ ཆུ་ཁ་རྫོང་ཁག་གི་ རྒེད་འོག་ག་ར་ནང་ ས་ཆ་ངོས་འཛིན་འབད་ཞིནམ་ལས་ དེ་ནང་ ཚོད་བསྲེ་འཛུགས་སྐྱོང་འབད་བའི་ཤུལ་ལུ་ སོ་ནམ་པའི་ ཚོང་བསྒྲགས་སྡེ་ཚན་ཅིག་ ངོས་འཛིན་འབད་ཞིནམ་ལས་ སྡེ་ཚན་དེ་གིས་ སློབ་གྲྭ་ཚུ་དང་གཅིག་ཁར་ ཆིངས་ཡིག་བཟོ་ནི་སྦེ་ ཐག་བཅད་ཡོདཔ་ཨིན་པས།
སློབ་གྲྭ་དང་ སོ་ནམ་པའི་ ཚོང་བསྒྲགས་སྡེ་ཚན་གཉིས་ཀྱི་བར་ན་ ཆིངས་ཡིག་བཟོ་མིའི་ནང་ ཚོད་བསྲེའི་ གོང་ཚད་ཀྱི་ཚད་གཞི་ བཟོ་ཞིནམ་ལས་ ཆིངས་ཡིག་དང་འཁྲིལ་ཏེ་ བཀྲམ་སྤེལ་འབད་ནི་སྦེ་ ཐག་བཅད་ཡོདཔ་ཨིན་པས།
ལས་རིམ་དེ་ མཐར་འཁྱོལ་ཅན་ཅིག་སྦེ་ འགྱོ་ནིའི་དོན་ལུ་ ཤེས་རིག་སྡེ་ཚན་གྱི་ འགོ་དཔོན་དང་ སོ་ནམ་དང་སྒོ་ནོར་གྱི་འགོ་དཔོན་ཚུ་གིས་ཡང་ མཉམ་འབྲེལ་ཐོག་ལས་ ལཱ་འབད་ནི་ཨིན་པས།
རྫོང་ཁག་ཚོགས་འདུ་གི་ དམིགས་གཏད་ལས་འབད་བ་ཅིན་ ཚོད་བསྲེ་ཚུ་ དུས་ཅི་སྤྱི་ཟླ་༧ པའི་ ཟླ་ཕྱེད་དེ་ཅིག་ལས་ བཀྲམ་སྤེལ་འབད་ཚུགསཔ་སྦེ་ཨིན་པས།
ཆུ་ཁ་རྫོང་བདག་ མི་འགྱུར་རྡོ་རྗེ་གིས་འབད་བ་ཅིན་ སོ་ནམ་པ་དང་ ལྟོ་ཐོབ་སློབ་གྲྭ་ཚུ་གིས་ མཉམ་འབྲེལ་འབད་དེ་ ཨ་ལོ་ཚུ་ལུ་ བཞེས་སྒོ་བཅུད་ཅན་བྱིན་ནིའི་ ལས་རིམ་དེ་ ཕན་ཐོགས་ཅན་ཅིག་ འོང་ནི་མས་ཟེར་ཨིན་པས།
ལས་རིམ་དེ་གིས་ དང་པ་ཨ་ལོ་ཚུ་གིས་ ཟས་བཅུད་ཅན་ འཐོབ་ཚུགས་པའི་ཁེ་ཕན་ཡོདཔ་མ་ཚད་ གཉིས་པ་ཟེརཝ་ད་ སོ་ནམ་པ་ཚུ་གིས་ ཚོད་བསྲེ་བཙོང་ཚུགས་པའི་ ཁེ་ཕན་འདུག་ཟེར་ཨིན་པས།
རྫོང་བདག་གིས་འབད་བ་ཅིན་ དེ་བཟུམ་མའི་ ལས་རིམ་ལུ་བརྟེན་ ཚོད་བསྲེ་ནང་འདྲེན་འབད་མ་དགོཔ་ལས་ རྒྱལ་ཁབ་ནང་ རུ་པི་མ་ལང་པའི་ དཀའ་ངལ་ཚུ་ཡང་ སེལ་ཐབས་འབད་ཚུགས་པའི་ཁར་ རྒྱལ་ཁབ་ཀྱི་ དཔལ་འབྱོར་ལུ་ཡང་ ཕན་ཐོགས་འབྱུང་ཚུགས་ནི་མས་ཟེར་ཨིན་པས།
ག་དེམ་ཅིག་སྦེ་ ལས་རིམ་དེ་ འཆར་གཞི་དང་འཁྲིལ་ཏེ་ མཐར་འཁྱོལ་འབྱུང་ཚུགས་པ་ཅིན་ རྫོང་ཁག་གཞན་ཚུ་གི་དོན་ལུ་ཡང་ དཔེ་སྟོན་བཏུབ་ཅིག་ འགྱོ་ནི་མས་ཟེར་ཨིན་པས།
དགེ་གླིང་རྒཔོ་ ཕུརཔ་རྡོ་རྗེ་གིས་འབད་བ་ཅིན་ ལས་རིམ་དེ་གིས་ སོ་ནམ་པའི་འོང་འབབ་ལུ་ ཕན་ཐོགས་པ་གིས་མ་ཚད་ མི་སྡེའི་དཔལ་འབྱོར་གོང་འཕེལ་ གཏང་ནི་ལུ་ཡང་ ཕན་ཐོགས་སྦོམ་སྦེ་ར་ འབྱུང་ཚུགས་ནི་མས་ཟེར་ ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *