༉ སང་ཕོད་ལས་ འབྲུག་པའི་སློབ་དཔོན་༣ དེ་ཅིག་གིས་ ཇ་པཱན་ལུ་ པར་རིས་ཀྱི་ སྦྱོང་བརྡར་འབད་བར་ འགྱོ་ནི་གི་ གོ་སྐབས་འཐོབ་ནི་ཨིནམ་བཞིན་དུ་ དེ་གིས་ མ་འོངས་པ་ལུ་ སློབ་གྲྭ་ཁག་ཚུ་ནང་ པར་རིས་འབྲི་ནིའི་ནང་ རིག་རྩལ་འཐོབ་ཚུགས་ནི་ཨིན་པས།
གནད་དོན་དེ་གི་དོན་ལུ་ ཁ་ཙ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་དང་ ཇ་པཱན་རྒྱལ་སྤྱི་མཉམ་འབྲེལ་ལས་སྡེ་ དེ་ལས་ རྒྱལ་འཛིན་ཤེས་རིག་ཚོགས་སྡེའི་བར་ན་ ཆིངས་ཡིག་གུ་ མཚན་རྟགས་བཀོད་ཅི།
དེ་ཡང་ སློབ་གྲྭ་ཆུང་བའི་ སློབ་དཔོན་ཚུ་ལུ་ པར་རིས་ཀྱི་ རིག་རྩལ་ཚུ་ ཡར་དྲག་གཏང་ནི་དང་ ད་ལྟོ་ པར་རིས་ཀྱི་ སློབ་ཚན་ལེན་མི་ སློབ་དཔོན་ཚུ་གི་ རིག་རྩལ་ཚུ་ སྦྱོང་བརྡར་ཐོག་ལས་ སྤེལ་ཐབས་ལུ་ཨིན་པས།
སློབ་གྲྭ་ཆུང་བ་ཚུ་ནང་ སྤྱི་ལོ་༢༠༡༣ ལས་ པར་རིས་ཀྱི་ སློབ་ཚན་འགོ་བཙུགས་ཡོདཔ་དང་ འབྲུག་དང་ ཇ་པཱན་གྱི་ སློབ་གྲྭ་ཚུའི་བར་ན་ཡང་ པར་རིས་བརྗེ་སོར་ལས་རིམ་ཚུ་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
ད་ལྟོ་ རྒྱལ་ཁབ་ནང་འཁོད་ཀྱི་ སློབ་གྲྭ་ཆུང་བ་༢༠༨ ནང་ པར་རིས་ཀྱི་ སློབ་ཚན་ཚུ་ འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ མ་འོངས་པ་ལུ་ སློབ་གྲྭ་ག་རའི་ནང་ འགོ་བཙུགས་ནིའི་ འཆར་གཞི་ཡོདཔ་ཨིན་པས།
ཨིན་རུང་ ད་རེས་ པར་རིས་ཀྱི་ རིག་རྩལ་ཡོད་མི་ སློབ་དཔོན་གངམ་མེདཔ་ལས་ སློབ་གྲྭ་ཚུ་ནང་ སློབ་དཔོན་ལངམ་མེད་པའི་ དཀའ་ངལ་ཐོན་ཡོདཔ་མ་ཚད་ པར་རིས་སྦྱང་བ་འབད་སའི་ ས་གོ་མེད་མི་དེ་གིས་ཡང་ གདོང་ལེན་སྦོམ་བྱུང་སྟེ་ཡོདཔ་ཨིན་པས།
རྒྱལ་འཛིན་ཤེས་རིག་ཚོགས་སྡེའི་ རྩ་གཞུང་གོང་འཕེལ་བཏང་མི་ བསོད་ནམས་ཚེ་རིང་གིས་ སླབ་མིའི་ནང་ སང་ཕོད་ལས་ སློབ་གྲྭ་ཁག་ཚུ་ནང་ཡོད་མི་ སློབ་དཔོན་ཚུ་ གདམ་ཁ་རྐྱབ་སྟེ་ དུས་ཐུང་གི་ སྦྱོང་བརྡར་འབད་བར་ གཏང་ནི་ཟེར་ཨིན་པས།
སྦྱོང་བརྡར་དེ་ཡང་ ཇ་པཱན་གྱི་ ཧ་མ་དཱ་ཁྲོམ་ཚོགས་ནང་སྦེ་ འགོ་འདྲེན་འཐབ་ནི་ཨིནམ་བཞིན་དུ་ སང་ཕོད་ལས་འགོ་བཙུགས་ ལོ་ངོ་༣ གྱི་རིང་ འགོ་འདྲེན་འཐབ་ནི་ཨིན་མི་ སྦྱོང་བརྡར་དེ་གིས་ ཁེ་ཕན་སྦོམ་འབྱུང་ནིའི་ རེ་བ་ཡོདཔ་ཨིན་པས།
ཚོགས་སྡེ་གིས་ ད་ལྟོ་ཡོད་མི་ པར་རིས་ཀྱི་ སློབ་དཔོན་ཚུ་ལུ་ རྒྱལ་ཁབ་ནང་འཁོད་ལུ་ སྦྱོང་བརྡར་ཚུ་ བྱིན་དོ་ཡོདཔ་ད་ དུས་ཅི་གནམ་དགུན་ལུ་ཡང་ སློབ་དཔོན་༦༠ དེ་ཅིག་ལུ་ སྦྱོང་བརྡར་བྱིན་ནི་ཨིནམ་ལས་ སང་ཕོད་ལས་ སློབ་གྲྭ་ཆུང་བ་༢༦༠ དེ་ཅིག་ནང་ པར་རིས་ཀྱི་ སློབ་དཔོན་ཚུ་ འོང་ནི་ཨིན་པས།
ལས་འགུལ་དེ་གི་ཐོག་ལས་ འབྲུག་པའི་རྩ་གཞུང་རྩ་བརྟན་བཟོ་ཐབས་དང་ སློབ་གྲྭ་ཆུང་བའི་གནས་ཚད་ནང་ པར་རིས་ཀྱི་ འགྲེམས་སྟོན་ཚུ་ འབད་ནི་ཨིནམ་ད་ ལས་འགུལ་ལྟ་རྟོག་འབད་ནིའི་དོན་ལུ་ སློབ་གྲྭ་ཆུ་ཡང་ སྤ་རོ་དང་ ཐིམ་ཕུག་ དེ་ལས་ ཧཱ་རྫོང་ཁག་ཚུ་ནང་ལས་ གདམ་འཐུ་འབད་ནི་ཨིན་པས།
ད་རུང་ ཇ་པཱན་རྒྱལ་སྤྱི་མཉམ་འབྲེལ་ལས་སྡེ་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱི་བར་ན་ ནུས་ཤུགས་ལས་སྡེ་ནང་ འཕྲུལ་རིག་གི་ གྲོགས་རམ་འབད་ནིའི་དོན་ལས་ གན་ཡིག་གུ་ མཚན་རྟགས་བཀོད་ཅི།
ཇ་པཱན་གཞུང་གིས་ སྤྱི་ལོ་༢༠༤༠ གི་ ནང་འཁོད་ལུ་ འབྲུག་གི་ནུས་ཤུགས་ལས་སྡེ་ནང་ འཕྲུལ་རིག་གི་ གྲོགས་རམ་ ག་ཅི་ར་ འབད་དགོཔ་ཡོདཔ་ཨིན་ན་ཚུ་ལུ་ ལྟ་ཞིབ་འབད་ནི་ཨིན་པས།
མཚན་རྟགས་དེ་ཡང་ མཉམ་འབྲེལ་ལས་སྡེའི་ ངོ་ཚབ་གཙོ་འཛིན་ ཀོ་ཇི་ ཡ་མ་དཱ་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱི་དྲུང་ཆེན་ འཕྲིན་ལས་རྣམ་རྒྱལ་གཉིས་ཀྱི་བར་ན་ བཀོད་ཡོདཔ་ད་ ལས་འགུལ་དེ་ཡང་ ག་ར་ཇ་པཱན་གཞུང་གིས་འབད་ནི་ཨིན་པས།
ངོ་ཚབ་གཙོ་འཛིན་ ཀོ་ཇི་ ཡ་མ་ད་གིས་ བཤད་མིའི་ནང་ ལས་འགུལ་དེའི་དོན་ལུ་ ཁྱད་རིག་ཚུ་ག་ར་ ཇ་པཱན་གཞུང་གིས་ འཚོལ་ཏེ་འབད་ནི་ཨིནམ་ལས་ དེ་གི་དོན་ལུ་ ཡུ་ཨེསི་ཌོ་ལར་ས་ཡ་༣ དེ་ཅིག་ གནས་ནི་འོང་ཟེར་ཨིན་པས།
ལོ་ངོ་༢ ཀྱི་རིང་ ལག་ལེན་འཐབ་ནི་ཨིན་མི་ ལས་འགུལ་དེ་གི་ ལས་སྣ་ག་ར་ མཉམ་འབྲེལ་ཞལ་འཛོམས་ཐོག་ལས་ ལྟ་རྟོག་འབད་ནི་ཨིན་པའི་གནས་ཚུལ།
བཀྲིས་བསྟན་འཛིན།