༉ དགེ་ལེགས་ཕུག་ལུ་སྦེ་ ཨ་ལོའི་དཔེ་དེབ་འབྲི་ནིའི་སྦྱོང་བརྡར་ལས་རིམ་ འགོ་འདྲེན་འཐབ་མིའི་ནང་ སློབ་གྲྭ་ཆུང་བའི་སློབ་དཔོན་༤༦ དང་ གཞལམ་སྒང་རྫོང་ཁག་གི་ ཨ་ལོ་གཅེས་སྐྱོང་དང་གོང་འཕེལ་ལྟེ་བའི་ གཅེས་སྐྱོང་པ་ཚུ་གིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།
སྦྱོང་བརྡར་ནང་ བཅའ་མར་གཏོགས་མི་ཚུ་གིས་ རྒྱལ་ཁབ་ཀྱི་ གནས་སྟངས་དང་འབྲེལ་བ་ཡོད་པའི་ དཔེ་དེབ་༢༣ ཟིན་བྲིས་བཏབ་ཡོདཔ་ཨིན་པས།
བདུན་ཕྲག་༡ གི་རིང་འགོ་འདྲེན་འཐབ་མི་ སྦྱོང་བརྡར་ལས་རིམ་ནང་ བཅའ་མར་གཏོགས་མི་ མང་ཤོས་ར་ འགོ་དང་པ་ དཔེ་དེབ་འབྲི་མི་ཚུ་ཡོདཔ་ཨིན་པས།
པཱན་སྦང་ལུ་ཡོད་མི་ བསོད་ནམས་ཐང་སློབ་གྲྭ་ལྟེ་བའི་ནང་ སློབ་རིམ་༢ པ་དང་༣ པའི་ ཨིང་སྐད་ཀྱི་སློབ་སྟོན་འབད་མི་ ཀརྨ་ཆོས་སྒྲོན་གྱིས་ ཤོག་གྲངས་༢༠ འབད་མི་ ད་ ཝི་ཡརཊ་ པེ་ཡར་ཟེར་མི་ དཔེ་་དེབ་ཅིག་ པར་རིས་དང་གཅིག་ཁར་ ཟིན་བྲིས་བཏབ་ཡོདཔ་ཨིན་པས།
ཚིག་འབྲུ་༤༥༠ འབད་མི་ དཔེ་དེབ་དེ་ནང་ ཕུ་ཀྲེ་དང་བྱ་རྒོད་གཉིས་ ཆ་རོགས་འགྱོ་བའི་སྐོར་ལས་ པར་སྦོམ་སྦེ་ བྲིས་ཡོདཔ་ཨིན་པས།
ཀརྨ་ཆོས་སྒྲོན་གྱིས་ སླབ་མིའི་ནང་ ཨ་ལོ་ཚུ་གི་དོན་ལུ་ པར་རིས་མང་སུ་འབྲི་ནི་དེ་ གལ་ཆེ་ཟེར་ཨིནམ་ད་ མོ་གིས་ སླབ་མིའི་ནང་ དཔེ་མཛོད་ཁང་ཚུ་ནང་ བློ་གསར་ལས་ སློབ་རིམ་༣ པ་ཚུན་གྱི་དོན་ལུ་ ནང་འཁོད་ཀྱི་ མི་ཚུ་གིས་བྲིས་མི་ དཔེ་དེབ་ འཐོབ་ཚུགས་པར་ ལཱ་ཁག་འདུག་ཟེར་ཨིན་པས།
དཔེ་དེབ་ཟིན་བྲིས་༢༣ བཏབ་མི་ལས་ མང་ཤོས་ཨིང་སྐད་ནང་ཡོད་རུང་ སློབ་དཔོན་དག་པ་ཅིག་གིས་ རྫོང་ཁ་ནང་ བྲིས་ཏེ་ཡོདཔ་ཨིན་པས།
སྦྱོང་བརྡར་ནང་ བཅའ་མར་གཏོགས་མི་ སངས་རྒྱས་རྣམ་རྒྱལ་དང་ པར་རིས་འབྲི་མི་ཅིག་གིས་ ཤོག་གྲངས་༢༢ འབད་མི་ ཨ་པ་གི་ མི་ཚེའི་སྐོར་ལས་ རྫོང་ཁའི་གསུང་དེབ་ཅིག་ ཟིན་བྲིས་བཏབ་ཡོདཔ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཧེ་མ་ལས་ དཔེ་དེབ་འབྲི་ནིའི་ རེ་བ་ཡོདཔ་ལས་ ད་རེས་ གོ་སྐབས་ལེན་ཏེ་ བཅའ་མར་གཏོགས་ཚུགས་ཅི་ཟེར་ ཨིན་པས།
དཔེ་དེབ་ཚུ་ པར་སྐྲུན་འབད་ཞིནམ་ལས་ གཞལམ་སྒང་གི་ སློབ་གྲྭ་ཆུང་བའི་དཔེ་མཛོད་ཁང་ཚུ་ནང་ བཀྲམ་སྤེལ་འབད་བའི་ཤུལ་ལས་ དཔེ་དེབ་འགྲེམ་སྟོན་ཐོག་ལས་ གཞན་ཚུ་གིས་ཡང་ འཐོབ་ཚུགས་བཟོ་ནིའི་ འཆར་གཞི་ཡོདཔ་ཨིན་པས།
ཨ་ལོའི་ཉེན་སྲུང་ལས་རིམ་གོང་འཕེལ་གྱི་ མཉམ་འབྲེལ་བ་ བི་ཤལ་རའི་གིས་ སླབ་མིའི་ནང་ སྤྱི་ལོ་༢༠༡༤ དང་༢༠༡༦ གི་བར་ན་ ཁོང་གིས་ རྒྱལ་ཁབ་ནང་ འབྲུག་གི་ཨ་ལོའི་དཔེ་དེབ་ཀྱི་ ལས་རིམ་ཅིག་ འགོ་འདྲེན་འཐབ་མི་དེ་ མཐར་འཁྱོལ་ཅན་སོང་ཡི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ སྤྱི་ལོ་༢༠༡༧ དང་༢༠༡༨ ཀྱི་ སྔ་ཆ་ལུ་ཡང་ སློབ་དཔོན་ཚུ་གི་དོན་ལུ་ ལས་རིམ་དེ་བཟུམ་ཁག་༢ འགོ་འདྲེན་འཐབ་ཅི་ཟེར་ཨིན་པས།
སྦྱོང་བརྡར་ཁག་གཉིས་ནང་ལས་ དཔེ་དེབ་༥༠ ཟིན་བྲིས་བཏབ་མིའི་ནང་ལས་༣༠ པར་སྐྲུན་འབད་ཚར་ཡོད་པའི་ཁར་ ལྷག་ལུས་༢༠ ཡང་ པར་སྐྲུན་འབད་ནིའི་དོན་ལུ་ ལཱ་ཚུ་འབད་བའི་བསྒང་ ཡོད་ཟེར་ཨིན་པས།
ཨ་ལོའི་དཔེ་དེབ་གཏན་འཇགས་སྦེ་འབྲི་མི་ ཕྱག་རྡོར་དབང་མོ་གིས་ སླབ་མིའི་ནང་ ཨ་ལོ་ཚུ་གིས་ ནང་འཁོད་ཀྱི་གནས་སྟངས་དང་འབྲེལ་བ་ཡོདཔ་སྦེ་ དཔེ་དེབ་འབྲི་བ་ཅིན་ ལྷག་ནི་ལུ་ དང་འདོད་བསྐྱེད་ནི་འདུག་ཟེར་ཨིན་པས།
ཁྲོམ་ཁར་ ནང་འཁོད་ཀྱི་ མི་གིས་བྲིས་མི་དཔེ་དེབ་ཚུ་ ཚད་ཅིག་ལས་མེད་པའི་ཁར་ བྲིས་མི་ཚུ་ཡང་ ཚོང་སྒྱུར་འཐབ་ཚུགས་པར་ ལཱ་ཁག་བཏང་སྟེ་འདུག་ཟེར་ ཕྱག་རྡོར་དབང་མོ་གིས་ བཤདཔ་ཨིན་པས།
ཨ་ལོའི་ཉེན་སྲུང་ལས་རིམ་གྱིས་ གཞལམ་སྒང་རྫོང་ཁག་བདག་སྐྱོང་དང་ མཉམ་འབྲེལ་ཐོག་ལས་ ལས་རིམ་དེ་ འགོ་འདྲེན་འཐབ་ཡོད་པའི་གནས་ཚུལ།
སྐད་སྒྱུར་ པདྨ་རིན་འཛིན།