སློབ་གྲྭ་ཆུང་བ་ཚུ་ནང་ སློབ་ཕྲུག་འཛུལ་ཞུགས་ཀྱི་གྱངས་ཁ་ མར་བབས་སོང་ཡོདཔ།

༉ ལོ་བསྟར་ཤེས་རིག་གི་ གནས་སྡུད་དང་འཁྲིལཝ་ད་ ཉིན་བསྟར་བཞིན་དུ་ རྒྱལ་ཁབ་ནང་ གཞི་རིམ་ཤེས་ཡོན་སྦྱང་མི་ སློབ་ཕྲུག་༥ དེ་རེ་ སློབ་གྲྭ་ནང་ལས་ ཐོན་འགྱོ་དོ་ཡོད་པའི་ མངོན་གསལ་བྱུང་ནུག།
འདས་པའི་ལོ་དང་ཕྱདཔ་ད་ སྤྱི་ལོ་༢༠༡༨ ལུ་ གཞི་རིམ་ཤེས་ཡོན་སློབ་སྦྱོང་འབད་མི་ སློབ་ཕྲུག་༡,༨༦༦ དེ་ཅིག་ མར་བབས་སོང་ཡོདཔ་ད་ སྤྱི་ལོ་༢༠༡༡ ལུ་ སློབ་ཕྲུག་༨༠༤ དེ་ཅིག་ མར་བབས་སོང་མི་དང་ཕྱདཔ་ད་ ད་རེས་ ལོག་ལྟབ་ཀྱིས་ མར་བབས་སོང་ནུག་ཟེར་ གནས་སྡུད་ནང་བཀོད་ནུག།
དེ་ཡང་ རྒྱལ་ཁབ་ཀྱི་ས་གནས་ ཐདམ་ཐད་ཁ་ལས་ཕར་ རྒྱ་སྐྱེད་སློབ་ཁང་ གཞི་བཙུགས་འབད་མི་ལུ་བརྟེན་ འདས་པའི་ལོ་ཚུ་ནང་ལས་ གཞི་རིམ་ཤེས་ཡོན་སྦྱང་ནིའི་དོན་ལུ་ སློབ་གྲྭ་ཚུ་ནང་ སློབ་ཕྲུག་འཛུལ་ཞུགས་ཀྱི་གྱངས་ཁ་ མར་བབས་སོང་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༨ ཀྱི་ནང་འཁོད་ལུ་ སློབ་གྲྭ་ཆུང་བ་དང་ འབྲིང་མ་ཚུ་ནང་ གཞི་རིམ་ཤེས་ཡོན་གྱི་ སློབ་སྦྱོང་དོན་ལུ་ གཞི་རིམ་སློབ་ཕྲུག་༩༢,༢༩༨ འཛུལ་ཞུགས་འབད་བའི་ཁར་ སྤྱི་ལོ་༢༠༡༧ ལུ་ སློབ་ཕྲུག་༩༤,༡༨༤ དེ་ཅིག་ འཛུལ་ཞུགས་འབད་ནུག།
བློ་གསར་སློབ་རིམ་ལས་ སློབ་རིམ་༦ པ་ཚུན་ གཞི་རིམ་ཤེས་ཡོན་གྱི་ སློབ་སྦྱོང་གྲངས་སུ་ཚུད་དོ་ཡོདཔ་ད་ སློབ་གྲྭ་ནང་ འཛུལ་ཞུགས་འབད་མིའི་གྱངས་ཁ་ མར་བབས་སོང་མི་དེ་ཡང་ འདས་པའི་ལོ་༦ ལས་ གསལ་སྟོན་བྱུང་ནུག།
སྤྱི་ལོ་༢༠༡༨ ཀྱི་ནང་འཁོད་ལུ་ སློབ་ཕྲུག་༡,༧༥༣ གྱིས་ རྒྱ་སྐྱེད་སློབ་གྲྭ་༧༩ ནང་ འཛུལ་ཞུགས་འབད་མི་དེ་ ཤེས་རིག་ལམ་ལུགས་ནང་ སློབ་ཕྲུག་འཛུལ་ཞུགས་ཡོངས་བསྡོམས་ལས་ བརྒྱ་ཆ་༡ ཨིནམ་ད་ རྒྱལ་ཁབ་ནང་ རྒྱ་སྐྱེད་སློབ་གྲྭ་དེ་ཡང་ སྤྱི་ལོ་༢༠༠༩ གཞི་བཙུགས་འབད་ནུག།
གནས་སྡུད་དང་འཁྲིལཝ་ད་ གཞི་རིམ་སློབ་གྲྭ་ཚུ་ནང་ སློབ་ཕྲུག་འཛུལ་ཞུགས་ཀྱི་ གྱངས་ཁ་མར་བབས་སོང་མི་དེ་ སློབ་གྲྭ་ནང་ འཛུལ་ཞུགས་འབད་ནི་ལུ་ ལོ་ཚད་ཅན་གྱི་ མི་རློབས་མེད་ལུ་བརྟེན་ཨིནམ་ད་ འཛུལ་ཞུགས་ཀྱི་གྱངས་ཁ་ མར་བབས་འགྱོ་མིའི་གནས་སྟངས་དེ་ འདས་པའི་ལོ་༡༢ ལས་ འགོ་བཙུགས་ནུག་ཟེར་ཨིན་པས།
སྤྱི་ལོ་༢༠༠༥ དང་༢༠༡༧ གྱི་ འབྲུག་གི་མི་རློབས་དང་ ཁྱིམ་གྱི་གྲངས་རྩིས་༢ ཀྱི་ཁྱད༌པར༌ལྟ༌བའི་སྐབས་ གཞི་རིམ་སློབ་གྲྭ་ཚུ་ནང་ འཛུལ་ཞུགས་འབད་ནི་གི་ ཨ་ལོ་སྐྱེས་ལོ་༦-༡༢ འབད་མི་ བརྒྱ་ཆ་༣ དེ་ཅིག་ མར་བབས་སོང་ནུག་ཟེར་ ལོ་བསྟར་གནས་སྡུད་ནང་ གསལ་བཀོད་འབད་ནུག།
ཨིན་རུང་ སྤྱི་ལོ་༢༠༡༨ ལུ་ ཨ་ལོ་ཚུ་སློབ་གྲྭ་ནང་ འཛུལ་ཞུགས་ཀྱི་ཆ་ཚད་ བརྒྱ་ཆ་༦༣.༤ ཚོད་རྩིས་བཏོན་མི་ལས་ བརྒྱ་ཆ་༡༠༢.༧ ལུ་ལྷོད་མི་དེ་ འདས་པའི་ལོ་དང་ཕྱདཔ་ད་ ཡར་སེང་སོང་ཡོདཔ་ཨིན་པས།
གནས་སྡུད་ནང་ བཀོད་མིའི་ནང་ རྒྱལ་ཁབ་ནང་ ཨ་ལོ་ཚུ་སློབ་གྲྭ་ནང་ འཛུལ་ཞུགས་འབད་ནིའི་ ལོ་ཚད་དེ་ཡང་ སྐྱེས་ལོ་༦ ལས་ཨིནམ་ད་ དུས་ཅི་ སློབ་གྲྭ་ནང་ ལོ་ཚད་ལས་བརྒལ་ཏེ་ འཛུལ་ཞུགས་འབད་མི་ བརྒྱ་ཆ་༣༦.༥ དང་ ལོ་ཚད་མ་རནམ་ལས་ གཞི་རིམ་ཤེས་ཡོན་གྱི་དོན་ལུ་ འཛུལ་ཞུགས་འབད་མི་ བརྒྱ་ཆ་༣.༤ དེ་ཅིག་ཡོད་པའི་ ཤེས་རྟོགས་བྱུང་ནུག།
དེ་ལས་ ཨ་ལོ་ཚུ་ བློ་གསར་སློབ་རིམ་ནང་ འཛུལ་ཞུགས་འབད་མིའི་གྱངས་ཁ་ སྤྱི་ལོ་༢༠༡༠ ལས་ མར་བབས་སོང་མི་དེ་ཡང་ སྤྱིར་བཏང་ གཞི་རིམ་ཤེས་ཡོན་སློབ་སྦྱོང་གི་དོན་ལུ་ འཛུལ་ཞུགས་འབད་མི་ གྱངས་ཁ་མར་བབས་སོང་མི་ལུ་བརྟེན་ཨིན་རུང་ སྤྱི་ལོ་༢༠༡༨ ལུ་ སློབ་ཕྲུག་༤༣༢ དེ་ཅིག་ ཡར་སེང་སོང་ནུག་ཟེར་ ལོ་བསྟར་སྙན་ཞུ་ནང་ བཀོད་ཡོདཔ་ཨིན་པས།
དུས་ཅི་ སྤྱིར་སྙོམས་ལུ་ བློ་གསར་སློབ་རིམ་ནང་ འཛུལ་ཞུགས་འབད་མི་ ཨ་ལོའི་གྱངས་ཁ་དེ་ འདས་པའི་ལོ་དང་ཕྱདཔ་ད་ བརྒྱ་ཆ་༠.༧ དེ་ཅིག་ ཡར་སེང་སོང་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན། དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ …

Leave a Reply

Your email address will not be published. Required fields are marked *