རྫོང་ཁའི་གྲོས་ཚོགས་ནང་ བཅའ་མར་གཏོགས་མི་ཚུ།

སློབ་གྲྭ་ཁག་ལས་ཕར་ རྫོང་ཁའི་གསར་ཤོག་ཚུ་ ཉུང་མཐའ་༢ རེ་ ལེན་དགོ་པའི་གྲོས་འདེབས།

༉ རྒྱལ་ཁབ་ནང་ རྫོང་ཁའི་བརྡ་བརྒྱུད་ལས་ཁང་ཚུ་ མར་ཉམས་འགྱོ་དོ་ཡོདཔ་ལས་ སློབ་གྲྭ་ཁག་ལས་ཕར་ རྫོང་ཁའི་གསར་ཤོག་ཚུ་ ཉུང་མཐའ་༢ རེ་ལེན་དགོ་པའི་ སྲིད་བྱུས་བརྩམ་དགོཔ་ད་ གཞུང་གི་ཁ་ཐུག་ལས་ ཁྱབ་བསྒྲགས་དང་ གསལ་བསྒྲགས་ཚུ་ཡང་ རྫོང་ཁ་དང་ ཨིང་སྐད་ཟུང་འབྲེལ་སྦེ་ གནང་དགོཔ་འདུག་ཟེར་ཨིན་པས།
རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ ཐིམ་ཕུག་ལུ་སྦེ་ འགོ་འདྲེན་འཐབ་མི་ ཉིན་གྲངས་༣ གྱི་ རྫོང་ཁའི་གྲོས་ཚོགས་སྐབས་ རྫོང་ཁའི་བརྡ་བརྒྱུད་ལས་ཁང་ཚུ་ནང་ ལཱ་འབད་མི་ རྫོང་ཁའི་བརྡ་བརྒྱུདཔ་ཚུ་གིས་ རྫོང་ཁའི་གསར་ཤོག་ཚུ་ ཤོག་ཡུན་བརྟན་སྦེ་ གནས་ཐབས་ལུ་དམིགས་ཏེ་ གྲོས་འདེབས་ཕུལ་ཡོདཔ་ཨིན་པས།
བརྡ་བརྒྱུདཔ་ཚུ་གིས་ གྲོས་བསྡུར་འབད་ཡོད་མི་དེ་ འབྲུག་རྒྱང་བསྒྲགས་ལས་འཛིན་ལས་ ཀརྨ་རྡོ་རྗེ་གིས་ གསལ་ཞུ་འབད་མིའི་ནང་ ཡིག་སྡེབ་གཅིག་མཚུངས་མེད་པའི་དཀའ་ངལ་ཡོདཔ་ད་ ཐ་སྙད་གསརཔ་བཟོ་ཡོད་མི་ཚུ་ གསར་ཤོག་གི་ཐོག་ལས་ བཀྲམ་སྤེལ་འབད་དེ་ མི་མང་ལུ་ དར་ཁྱབ་གཏང་དགོཔ་འདུག་ཟེར་ཨིན་པས།
ཁོ་གིས་ གསལ་སྟོན་འབད་མི་དང་འཁྲིལཝ་ད་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ འབྲེལ་ཡོད་ལས་སྡེ་ཚུ་ལས་ མ་དངུལ་གྱི་ རྒྱབ་སྐྱོར་འཚོལ་ཞིནམ་ལས་ པར་སྐྲུན་འབད་དེ་ བཀྲམ་སྤེལ་འབད་དགོཔ་ད་ འགྲུལ་འཕྲིན་རིམ་ལུགས་ཀྱི་ཐོག་ལས་ ཚིག་མཛོད་བཟོ་ཡོད་མི་ཚུ་ མི་མང་ལུ་ གོ་བ་སྤྲོད་དགོཔ་འདུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ རྫོང་ཁའི་གསར་ཤོག་ཚུ་ནང་ ཤེས་ཡོན་ཤོག་དེབ་ནང་ལུ་ ཐ་སྙད་གསརཔ་ བརྡ་གཞུང་ ཚིག་མཛོད་ སྲུང་དང་རྒྱལ་རབས་ཀྱི་ལོ་རྒྱུས་ཚུ་ བཙུགས་ནིའི་དོན་ལུ་ འབྲེལ་ཡོད་ལྷན་ཁག་དང་ ལས་ཁུངས་ཚུ་ལས་ མ་དངུལ་གྱི་ རྒྱབ་སྐྱོར་འབད་དགོཔ་འདུག་ཟེར་ཨིན་པས།
གསལ་སྟོན་འབད་མི་དང་འཁྲིལཝ་ད་ རྫོང་ཁའི་ནང་ ལཱ་འབད་མི་ཚུ་གི་བར་ན་ མཉམ་འབྲེལ་མེད་པའི་ དཀའ་ངལ་ཡོདཔ་ལས་ རྫོང་ཁ་གོང་འཕེལ་དང་ དར་ཁྱབ་ཀྱི་དོན་ལུ་ རྫོང་ཁའི་བརྡ་བརྒྱུདཔ་ཚུ་དང་གཅིག་ཁར་ ལོ་བསྟར་བཞིན་དུ་ བརྡ་བརྒྱུད་དང་འབྲེལ་བའི་ཤེས་ཡོན་སྦྱོང་བརྡར་དང་ ཡང་ཅིན་ གྲོས་ཚོགས་ཚར་༢ རེ་ འཚོག་གནང་དགོཔ་འདུག་ཟེར་ཨིན་པས།
དེ་གི་དོན་ལུ་ མ་དངུལ་ཡང་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ འགོ་འདྲེན་མཛད་ནི་དང་ ཡང་ཅིན་ འབྲེལ་ཡོད་ལས་སྡེ་ཚུ་ལས་ རྒྱབ་སྐྱོར་འཚོལ་དགོཔ་ དེ་ལས་ རྫོང་ཁའི་བརྡ་བརྒྱུདཔ་ཚུ་ སེམས་ཤུགས་ཐེབས་བསྐྱེད་ཚུགས་ནིའི་དོན་ལས་ ལོ་བསྟར་བཞིན་དུ་ ལྷན་ཚོགས་ཀྱི་ཁ་ཐུག་ལས་ ངོས་འཛིན་དང་གཟེངས་བསྟོད་ཀྱི་ རྟགས་མ་ཚུ་ གནང་དགོཔ་འདུག་ཟེར་ཨིན་པས།
ཀརྨ་རྡོ་རྗེ་གིས་ སླབ་མིའི་ནང་ གནས་ཚུལ་སྐད་སྒྱུར་གྱི་ དཀའ་ངལ་ཡོདཔ་ལས་ གློག་རིག་གི་ཐོག་ལས་ སྐད་སྒྱུར་འབད་ཚུགས་པའི་ རིམ་ལུགས་ཅིག་ བཟོ་དགོཔ་ད་ སྐད་སྒྱུར་གྱི་ སྦྱོང་བརྡར་གནང་དགོཔ་ཡོད་པའི་ཁར་ རྫོང་ཁའི་ཐོག་ ཡོངས་འབྲེལ་འཆར་སྒོ་ བཟོ་ཡོད་མི་ཚུ་ལུ་ ངོས་འཛིན་དང་གཟེངས་བསྟོད་གནང་སྟེ་ གཞན་ཚུ་གིས་ཡང་ རྫོང་ཁའི་ཡོངས་འབྲེལ་འཆར་སྒོ་ བཟོ་ནིའི་ནང་སེམས་ཤུགས་བསྐྱེད་བཅུག་དགོ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ མི་སྡེའི་བརྡ་བརྒྱུད་ ཝི་ཅེཌ་ནང་ རྫོང་ཁ་སླབ་ཐངས་སྡེ་ཚན་ཟེར་ སྒེར་གྱི་མི་ངོམ་ དང་འདོད་ཅན་ཚུ་གིས་ བཟོ་ཡོད་མི་དེ་ རྫོང་ཁའི་ངག་གཤིས་དང་ བརྗོད་སྒྲ་བཅོ་ཁ་རྐྱབ་ཡོད་མི་ཚུ་ མཐའ་དཔྱད་ཞུན་དག་འབད་དེ་ རྫོང་ཁའི་ཚིག་མཛོད་ཚུ་ནང་བཙུགས་ཏེ་ མི་མང་ལུ་ དར་ཁྱབ་གཏང་ཚུགས་ནིའི་དོན་ལུ་ ལྷན་ཚོགས་ལུ་ཕུལ་ནི་དང་ སྡེ་ཚན་དེ་གིས་ ལཱ་འབད་ཡོད་མི་ལུ་ ངོས་འཛིན་གནང་ཐབས་ལུ་ དཔེ་དེབ་ནང་ སྡེ་ཚན་དེའི་མིང་ཡང་ བཙུགས་གནང་དགོ་ཟེར་ཨིན་པས།
གྲོས་ཚོགས་ནང་ བཅའ་མར་གཏོགས་མི་ཚུ་གིས་ སླབ་མིའི་ནང་ རྫོང་ཁའི་གསར་ཤོག་དེ་ སློབ་གྲྭ་ཁག་ཚུ་ནང་རྐྱངམ་གཅིག་མེན་པར་ ལྷན་ཁག་དང་ ལས་སྡེ་ ལས་ཁུངས་ག་རའི་ནང་ ལེན་དགོ་པའི་ སྲིད་བྱུས་བཟོ་དགོཔ་ད་ དེ་མེན་པ་ཅིན་ གསར་ཤོག་གི་གོང་ཚད་ ཡར་སེང་རྐྱབ་སྟེ་ རྫོང་ཁའི་གསར་ཤོག་དེ་ ཨིང་སྐད་ཀྱི་ གསར་ཤོག་དང་གཅིག་ཁར་ བཏོན་ཚུགས་པ་ཅིན་ ཕན་ཐོགས་འབྱུང་འོང་ཟེར་ཨིན་པས།
ཁོང་གིས་ སླབ་མིའི་ནང་ ལྷན་ཚོགས་ཀྱི་ཁ་ཐུག་ལས་ རྫོང་ཁའི་གསར་ཤོག་ཚུ་ནང་ ལཱ་འབད་མི་དྲག་ཤོས་དང་ རྒྱང་བསྒྲགས་དང་ རྒྱང་མཐོང་ཚུ་ནང་ རྫོང་ཁ་སླབ་མི་ དྲག་ཤོས་ངོས་འཛིན་འབད་ཐོག་ལས་ གཟེངས་བསྟོད་ཀྱི་ རྟགས་མ་བྱིན་དགོ་པའི་ གྲོས་འདེབས་དེ་གིས་ རྫོང་ཁའི་ཤེས་ཡོན་ཡོད་མི་དང་ ལྷབ་འདོད་ཡོད་མི་ཚུ་ལུ་ བློ་སྟོབས་བྱིན་ཚུགས་པའི་ ཕན་ཐོགས་འོང་ནི་མས་ཟེར་ཨིན་པས།
གྲོས་ཚོགས་ཀྱི་ཁྲི་འཛིན་ ཀྲོང་གསར་སྟག་རྩེ་སྐད་ཡིག་དང་ ལམ་སྲོལ་མཐོ་རིམ་སློབ་གྲྭའི་གསོ་འཛིན་ ལུང་བསྟན་རྒྱ་མཚོ་གིས་ སླབ་མིའི་ནང་ གཞུང་གིས་ རྫོང་ཁ་དེ་ རྒྱལ་ཁབ་ཀྱི་ སྲོག་ཤིང་ཨིན་ཟེར་ ཐུགས་བཞེད་གནང་པ་ཅིན་ མ་དངུལ་ཚུ་ཡང་ ལངམ་སྦེ་གནང་དགོ་ཟེར་ཨིནམ་ད་ དེ་མེན་པ་ཅིན་ རྫོང་ཁ་གོང་འཕེལ་དང་ དར་ཁྱབ་དང་འབྲེལ་བའི་ ལས་སྣ་ག་ནི་ཡང་ འགོ་འདྲེན་འཐབ་མ་ཚུགས་པའི་ དཀའ་ངལ་འབྱུང་འོང་ཟེར་ ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག།

 

About admin

Check Also

མོང་སྒར་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ཕོ་སྐྱེས་༡ འཛིན་བཟུང་།

༉ མོང་སྒར་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ལོ་ན་མ་སྨིན་པའི་ ན་ཆུང་བུམོ་༡ ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ལུ་བརྟེན་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་༡ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ …

Leave a Reply

Your email address will not be published. Required fields are marked *