སློབ་གྲྭ་ཁག་ཚུ་ནང་ གློག་རིག་ཡོངས་འབྲེལ་ ཡར་དྲག་གཏང་ནི།

༉ རྒྱལ་ཁབ་ཀྱི་ སློབ་གྲྭ་ཚུ་ནང་ གློག་རིག་ཡོངས་འབྲེལ་ ཨིན་ཊར་ནེཊ་གི་ མཐུན་རྐྱེན་ཚུ་ ལེགས་བཅོས་འབད་ནིའི་དོན་ལུ་ ཤེས་རིག་ལྷན་ཁག་གིས་ འཆར་གཞི་༡༢ པའི་ནང་ གྲོས་འཆར་ཚུ་ བཙུགས་ནི་ཨིན་པས།
ད་རེས་ནངས་པར་ སློབ་གྲྭ་ཁག་ནང་ལས་ཕར་ གློག་རིག་མཐུན་རྐྱེན་ ལེགས་ཤོམ་མེད་མི་ལུ་བརྟེན་ སློབ་ཕྲུག་དང་ སློབ་དཔོན་ཚུ་ལུ་ གདོང་ལེན་བྱུང་སྟེ་ཡོདཔ་མ་ཚད་ འཆར་གཞི་༡༢ པའི་ནང་ ཆོས་ཚན་ག་ར་ གློག་རིག་ ཐོག་ལས་ སློབ་སྟོན་འབད་ནིའི་ ལམ་ལུགས་ཅིག་ གཞི་བཙུགས་འབད་ནི་ཨིན་པས།
སློབ་གྲྭ་ཤེས་ཡོན་ལས་ཁུངས་ཀྱི་ བརྡ་དོན་འཕྲུལ་རིག་གི་ ལས་རིམ་འགོ་དཔོན་ ཡེ་ཤེས་ལྷུན་གྲུབ་ཀྱིས་ སླབ་མིའི་ནང་ སློབ་གྲྭ་ཚུ་ནང་ གློག་རིག་ཡོངས་འབྲེལ་གྱི་ མཐུན་རྐྱེན་ཚུ་ ཡར་དྲག་གཏང་ནིའི་དོན་ལུ་ བརྒྱུད་འབྲེལ་ལྷན་ཁག་དང་ གྲོས་བསྟུན་འབད་བའི་བསྒང་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་རེས་ སློབ་གྲྭ་ཚུ་ནང་ གློག་རིག་མཐུན་རྐྱེན་ ཨེམ་བི་པི་ཨེསི་༡ ཡོད་མི་གིས་ སློབ་དཔོན་དང་ སློབ་ཕྲུག་ཚུ་ལུ་ དཀའ་ངལ་བྱུང་དོ་ཡོདཔ་ལས་ འཆར་གཞི་༡༢ པའི་ནང་ སློབ་གྲྭ་ཆུང་བ་ཚུ་ནང་ ཨིན་ཊར་ནེཊ་ ཉུང་ཤོས་ར་ ཨེམ་བི་པི་ཨེསི་༣ དང་ མཐོ་ཤོས་ར་ ཨེ་བི་པི་ཨེསི་༡༥ ལུ་ ཡར་སེང་འབད་ནིའི་ འཆར་གཞི་ཡོད་ཟེར་ཨིན་པས།
ཨིན་རུང་ ཡེ་ཤེས་ལྷུན་གྲུབ་ཀྱིས་ སླབ་མིའི་ནང་ གློག་རིག་ཞབས་ཏོག་བྱིན་མི་ འབྲུག་བརྒྱུད་འཕྲིན་དང་ བཀྲིས་བརྒྱུད་འཕྲིན་༢ ཀྱིས་ གཞི་རྟེན་གློག་རིག་གི་ ཞབས་ཏོག་ར་ ལེགས་ཤོམ་མེད་པ་ཅིན་ ཨེམ་བི་པི་ཨེསི་ ཡར་སེང་འབད་རུང་ གློག་རིག་གི་ ཤུགས་ཚད་ལེགས་ཤོམ་ མི་འོང་ནི་ཨིནམ་ལས་ ལས་སྡེ་༢ ཀྱིས་འབད་རུང་ བལྟ་དགོཔ་འདུག་ཟེར་ཨིན་པས།
སློབ་སྟོན་ཚུ་ ཡོངས་འབྲེལ་ཐོག་ལས་འབད་བའི་སྐབས་ གཅིག་བསྡོམས་ཀྱི་ རྩ་གཞུང་ཡང་ འོང་ནི་ཨིནམ་ལས་ དེ་ནང་ གློག་རིག་དགོཔ་ ཁག་ཆེ་ནི་དང་ སློབ་དཔོན་ཚུ་འབད་རུང་ ཞིབ་འཚོལ་འབད་ནི་ལུ་ ཁེ་ཕན་འབྱུང་ཚུགས་ཟེར་ ཡེ་ཤེས་ལྷུན་གྲུབ་ཀྱིས་ བཤད་ཅི།
ད་ལྟོ་ སློབ་གྲྭ་ནང་ ཡོངས་འབྲེལ་ ཨེམ་བི་པི་ཨེསི་༡ དེ་གིས་ དུས་རྒྱུན་གྱི་ བདག་སྐྱོང་ལཱ་རྐྱངམ་གཅིག་ འབད་ཚུགས་པས་ཟེར་ཨིནམ་ད་ སློབ་སྟོན་འབད་ནི་དང་ ལྷབ་སྦྱང་གི་ཐད་ཁར་ སློབ་གྲྭ་ནང་ གློག་རིག་གི་ མཐུད་སྦྲེལ་ ལེགས་ཤོམ་དགོཔ་འདུག་ཟེར་ཨིན་པས།
ད་ལྟོ་ སློབ་གྲྭ་ག་རའི་ནང་ གློག་རིག་མཐུད་སྦྲེལ་གྱི་ འཆར་དངུལ་ཚུ་ ལོགས་སུ་སྦེ་ བགོ་བཀྲམ་འབད་དོ་ཡོདཔ་ཨིན་རུང་ ཤེས་རིག་ལྷན་ཁག་གིས་ འཆར་གཞི་༡༢ པའི་ནང་ འཆར་དངུལ་ཚུ་ གཞུང་ལྟེ་བ་གིས་ བགོ་བཀྲམ་འབད་བྱིན་ནིའི་ ལས་རིམ་ཡོདཔ་ཨིན་པས།
ཆེ་རིམ་སློབ་གྲྭ་ཚུ་ནང་ འབྲུག་ཞིབ་འཚོལ་དང་ ཤེས་རིག་མཐུད་སྦྲེལ་(འབྲུག་རེན) ཟེར་མི་ གློག་རིག་ཞབས་ཏོག་ཚུ་བཙུགས་ནིའི་ འཆར་གཞི་ཡོདཔ་བཞིན་དུ་ དེ་ཚུ་ བཙུགས་པ་ཅིན་ གློག་རིག་དེ་ རྒྱལ་སྤྱིའི་ཤེས་རིག་ཞིབ་འཚོལ་ནང་ སྦྲེལ་མཐུད་འབད་དེ་ཡོདཔ་ལས་ སློབ་དཔོན་དང་ སློབ་ཕྲུ་ཚུ་གིས་ གློག་རིག་གི་ ཞབས་ཏོག་ཚུ་ རིན་མེད་སྟོང་པ་སྦེ་ ལག་ལེན་འཐབ་ཚུགས་ཟེར་ ལས་རིམ་འགོ་དཔོན་གྱིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ སློབ་གྲྭྭ་ཚུ་ནང་ གློག་རིག་ཚུ་ ལྷན་ཁག་གིས་ མཁོ་སྒྲུབ་འབད་བྱིན་དོ་ཡོད་རུང་ འཆར་གཞི་༡༢ པ་ལས་ རྫོང་ཁག་གིས་ དགོས་མཁོ་དང་འཁྲིལ་ཏེ་ གློག་རིག་མཁོ་སྒྲུབ་འབད་ནི་གི་ དབང་ཆ་བྱིན་ནིའི་ འཆར་གཞི་ཡོད་ཟེར་ཨིན་པས།
ཤེས་རིག་ལྷན་ཁག་གི་ དམིགས་གཏད་དེ་ འཆར་གཞི་༡༢ པ་ མཇུག་བསྡུ་བའི་སྐབས་ སློབ་གྲྭྭ་ཆེ་བ་ཚུ་ནང་ གློག་རིག་གི་ ཆ་ཚད་དེ་ སློབ་ཕྲུག་༡༠ ལུ་ གློག་རིག་རེ་ འོང་དགོཔ་དང་ སློབ་གྲྭ་ཆུང་བ་ཚུ་ནང་འབད་བ་ཅིན་ སློབ་ཕྲུག་༣༠ ལུ་ གློག་རེ་གི་ ཐོབ་སྤྱོད་ཡོདཔ་སྦེ་ བཟོ་ནི་ཨིན་པས།
ད་རེས་ གཞུང་གིས་ ཨེམ་བི་པི་ཨེསི་རེ་ལུ་ ཟླཝ་རེ་ནང་ དངུལ་ཀྲམ་༡༠,༠༠༠ དེ་རེ་ བྱིན་པའི་སྐབས་ ལོ་ཅིག་ནང་ རྩིས་ཕབ་ད་ སློབ་གྲྭྭ་༧༠ དེ་ཅིག་ལུ་ དངུལ་ཀྲམ་ས་ཡ་༢༩ དེ་ཅིག་ གནས་དོ་ཡོདཔ་ཨིན་པས།
ད་ལྟོ་ རྒྱལ་ཁབ་ནང་ འབྲིང་རིམ་སློབ་གྲྭ་གོང་མ་༤༢ དང་ འབྲིང་རིམ་སློབ་གྲྭ་བར་མ་༧༦ དེ་ལས་ འབྲིང་རིམ་སློབ་གྲྭ་འོག་མ་༦༣ དེ་ཅིག་ནང་ གློག་རིག་མཐུན་རྐྱེན་ ཨེམ་བི་པི་ཨེསི་༡ རེ་ མཐུད་སྦྲེལ་འབད་དེ་ཡོདཔ་ཨིན་པས།
ཡེ་ཤེས་ལྷུན་གྲུབ་ཀྱིས་ སླབ་མིའི་ནང་ འབྲིང་རིམ་སློབ་གྲྭ་འོག་མའི་གྲས་ལས་ མགར་ས་སློབ་གྲྭ་མ་གཏོགས་ ག་རའི་ནང་ གློག་རིག་གྱི་ མཐུན་རྐྱེན་ཚུ་ ལྷོད་དེ་ཡོདཔ་བཞིན་དུ་ སློབ་གྲྭ་ཆུང་བ་༦༠ དེ་ཅིག་ནང་ གློག་རིག་སྦྲེལ་མཐུད་འབད་དེ་ཡོད་ཟེར་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *