སློབ་གྲྭ་༡༣ གྱིས་ སོ་ནམ་ཐོན་སྐྱེད་ཚུ་ བཀྲམ་སྤེལ་འབད་ནིའི་དོན་ལུ་ སོ་ནམ་སྡེ་ཚན་ ཚུ་དང་ འབྲེལ་བ་བཟོ་ཡོདཔ།

༉ ཆུ་ཁ་རྫོང་ཁག་ལས་ སློབ་གྲྭ་༡༠ དང་ བསམ་རྩེ་ལས་ སློབ་གྲྭ་༢ དེ་ལས་ ཐིམ་ཕུག་ལས་ སློབ་གྲྭ་༡ འབདཝ་ད་ བསྡོམས་སློབ་གྲྭ་༡༣ གྱིས་ སོ་ནམ་སྡེ་ཚན་༡༣ ལས་ ཐོན་སྐྱེད་ཚུ་ཉོ་ནིའི་དོན་ལུ་ འདས་པའི་ཟླཝ་ནང་ གན་ཡིག་ཅིག་གུ་ མཚན་རྟགས་བཀོད་ཡོདཔ་ཨིན་པས།
བསམ་རྩེ་རྫོང་ཁག་ལས་ སློབ་གྲྭ་༢ ཀྱིས་མ་ཚད་པར་ ཤུལ་མའི་ཟླཝ་ནང་ལས་ སློབ་གྲྭ་གཞན་༡༡ གིས་ ཁག་འབག་གན་ཡིག་དེ་ ལག་ལེན་འཐབ་ནི་ཨིན་ཨིནམ་ད་ རྡོ་རོ་ཁ་སློབ་གྲྭ་ལྟེ་བ་དང་ བསྟན་འབྲུག་སློབ་གྲྭ་ལྟེ་བ་གཉིས་ཀྱིས་ སང་ཕོད་སྤྱི་ཟླ་༢ པ་ལས་ སོ་ནམ་ཐོན་སྐྱེད་ཚུ་ འཐོབ་ནི་ཨིན་པས།
སོ་ནམ་སྡེ་ཚན་༡༠ ནང་ སོ་ནམ་པ་འཐུས་མི་༢༢༠ དེ་ཅིག་ཡོདཔ་ད་ སོ་ནམ་ལྷན་ཁག་འོག་གི་ སོ་ནམ་དང་ཚོང་འབྲེལ་མཉམ་འབྲེལ་ལས་ཁུངས་ཀྱིས་ ཤར་ཕྱོགས་རྫོང་ཁག་གི་ སྤྱི་ལོ་༢༠༡༢ ལས་འགོ་བཙུགས་ སློབ་གྲྭ་༤༨ སོ་ནམ་སྡེ་ཚན་༩༨ དང་གཅིག་ཁར་ འབྲེལ་བ་བཟོ་སྟེ་ཡོདཔ་ཨིན་པས།
སོ་ནམ་དང་ཚོང་འབྲེལ་མཉམ་འབྲེལ་ལས་ཁུངས་ཀྱིས་ གཙོ་འཛིན་ངོ་ཚབ་ མེག་བྷ་དུར་ ཆེ་ཏི་རི་གིས་ སླབ་མིའི་ནང་ སོ་ནམ་སྡེ་ཚན་དང་ སློབ་གྲྭ་ དེ་ལས་ གཙུག་སྡེ་ཚུ་གི་བར་ན་ མཐུན་འབྲེལ་བཟོ་ནི་དེ་ སྤྱི་ལོ་༢༠༡༢ ལས་ ཤར་ཕྱོགས་རྫོང་ཁག་ནང་ལས་ འགོ་བཙུགས་ཡི་ཟེར་ཨིན་པས།
ད་རེས་ བཀྲིས་སྒང་ལུ་འབད་བ་ཅིན་ སློབ་གྲྭ་༡༢ ཀྱིས་ སོ་ནམ་སྡེ་ཚན་༣༣ དང་གཅིག་ཁར་ འབྲེལ་བ་བཟོ་ཡོད་པའི་ཁར་ མོང་སྒར་ལུ་འབད་བ་ཅིན་ སློབ་གྲྭ་༩ གིས་ སོ་ནམ་སྡེ་ཚན་༡༩ དང་གཅིག་ཁར་ མཐུན་འབྲེལ་བཟོ་ཡོདཔ་ད་ པདྨ་དགའ་ཚལ་རྫོང་ཁག་གི་ སློབ་གྲྭ་༨ ཀྱིས་ སོ་ནམ་སྡེ་ཚན་༡༢ ལྷུན་རྩེ་རྫོང་ཁག་གི་ སློབ་གྲྭ་༧ གྱིས་ སོ་ནམ་སྡེ་ཚན་༡༢ དེ་ལས་ བཀྲིས་གཡང་རྩེ་ལུ་འབད་བ་ཅིན་ སློབ་གྲྭ་༦ གིས་ སོ་ནམ་སྡེ་ཚན་༡༥ དང་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་གི་ སློབ་གྲྭ་༦ གིས་ སོ་ནམ་སྡེ་ཚན་༨ དང་གཅིག་ཁར་ མཐུན་འབྲེལ་བཟོ་ཡོདཔ་ཨིན་པས།
སྐམ་སྦྱིས་སློབ་གྲྭ་ལྟེ་བའི་དབུ་འཛིན་ པདྨ་རིན་ཆེན་གྱིས་ སླབ་མིའི་ནང་ ད་ལྟོ་ཚུན་ སློབ་གྲྭ་གིས་ ཚོད་བསྲེ་ཚུ་ རིན་བསྡུར་འབད་དེ་ ཉོ་ནི་ཡོད་མི་ཚུ་ཡང་ མང་ཤོས་ར་ ནང་འདྲེན་འབད་མི་ཚུ་ཨིན་མས་ཟེར་བཤད་ཅི།
ཁོ་གིས་སླབ་མིའི་ནང་ སོ་ནམ་སྡེ་ཚན་ཚུ་གིས་ མཁོ་འདོད་བཀོད་མི་ལྟར་དུ་ ཚོད་བསྲེ་བཀྲམ་སྤེལ་འབད་ཚུགས་པ་ཅིན་ ཁག་འབག་དེ་ ཕར་འགྱངས་འབད་འོང་ཟེར་ཨིནམ་ད་ སློབ་གྲྭ་གིས་ ཚོད་བསྲེ་ཀོ་པི་དང་ཀེ་བ་ ལ་ཕུ་ ནང་འཁོད་ཀྱི་སྲནམ་ཅུམ་ དེ་ལས་ ཀ་ཀུ་རུ་ལ་སོགས་པ་ཚུ་ བཀྲམ་སྤེལ་འབད་ནིའི་ རེ་བ་བསྐྱེད་དོ་ཟེར་ཨིན་པས།
ང་བཅས་ཀྱིས་ སོ་ནམ་པ་ཚུ་ལས་ སྒོ་ནོར་ཐོན་སྐྱེད་ཀྱི་རིགས་ཚུ་ཡང་ ཉོ་ནི་ཡོད་ཟེར་ཨིནམ་ད་ སློབ་གྲྭ་དེ་ནང་ ནང་སྡོད་སྦེ་སྡོད་མི་ སློབ་ཕྲུག་༦༤༠ དེ་ཅིག་ཡོདཔ་ཨིན་པས།
སོ་ནམ་དང་ཚོང་འབྲེལ་མཉམ་འབྲེལ་ལས་ཁུངས་ཀྱིས་ བཀྲམ་སྤེལ་འབད་མི་ཚུ་ལུ་ རྒྱབ་སྐྱོར་ཚུ་འབད་དོ་ཡོདཔ་ད་ མེག་བྷ་དུར་ ཆེ་ཏི་རི་གིས་ བཤད་དོ་བཟུམ་འབད་བ་ཅིན་ གན་རྒྱ་དེ་ལུ་བརྟེན་ སློབ་གྲྭ་ཚུ་གིས་ ཚོད་བསྲེ་རིགས་སྣ་ཚངམ་སྦེ་ འཐོབ་ཚུགས་པའི་ཁར་ དེ་འཕྲོ་ལས་ བཏོན་འབག་མི་ཚུ་ འཐོབ་ཚུགས་པའི་ ཁེ་ཕན་ཡོད་ཟེར་ཨིན་པས།
དེ་མ་ཚད་ ཚོད་བསྲེ་བཀྲམ་སྤེལ་འབད་མི་ཚུ་གིས་ ལོ་༡ ནང་ ཟླཝ་༡༠ གྱི་རིང་ ཚོད་བསྲེ་བཀྲམ་སྤེལ་འབད་ནིའི་ ཁས་ལེན་འབད་དེ་ཡོད་པའི་ཁར་ གོང་ཚད་དེ་ཡང་ ཧེ་མ་ལས་ བདེ་སྒྲིག་འབད་ནི་ཡོད་ཟེར་ཨིན་པས།
སོ་ནམ་སྡེ་ཚན་ཚུ་གིས་ ག་དེམ་ཅིག་སྦེ་ བཀྲམ་སྤེལ་འབད་མ་ཚུགས་པ་ཅིན་ རྫོང་ཁག་དང་ལས་ཁུངས་ཀྱིས་ འགོ་འདྲེན་འཐབ་སྟེ་ གཞན་ཁར་ལས་ བཀྲམ་སྤེལ་འབད་ནིའི་ ཐབས་ཤེས་བཏོན་འོང་ཟེར་ ཁོ་གིས་བཤདཔ་ཨིན་པས།
ལས་ཁུངས་དེ་ནང་ ད་ལྟོ་ སོ་ནམ་སྡེ་ཚན་༤༡༥ གིས་ ཐོ་བཀོད་འབད་དེ་ཡོད་པའི་ཁར་ མཉམ་ལས་སྡེ་ཚན་༦༤ ཡོདཔ་ཨིན་པའི་གནས་ཚུལ།

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *