སྲོག་གཅོད་འབད་མི་ ཨམ་སྲུ་ཅིག་ལུ་ བཙོན་ཁྲིམས་ལོ་ངོ་༢༥ བཀལ་ཡོདཔ།

༉ ཐིམ་ཕུག་རྫོང་ཁག་ཁྲིམས་འདུན་གྱིས་ ཐིམ་ཁྲོམ་ལས་ སྐྱེས་ལོ་༢༦ འབད་མི་ ཨམ་སྲུ་ཅིག་གིས་ ན་ཧིང་སྤྱི་ཟླ་༩ པའི་ནང་ ཨམ་སྲུ་ཅིག་ སྲོག་གཅོད་འབད་མི་ལུ་བརྟེན་ བཙོན་ཁྲིམས་ལོ་ངོ་༢༥ བཀལ་ཡོདཔ་ཨིན་པས།
སྤྱི་ཟླ་༨ པའི་ཚེས་༢༨ ལུ་ འཁྲུན་ཆོད་བཏོན་མི་དང་འཁྲིལཝ་ད་ མ་གཞི་ ཀུན་བཟང་ལྷ་མོ་གིས་ ཤེས་བཞིན་དུ་ བསམ་སྦྱོར་ངན་པ་དང་ གནོད་སེམས་ཆེད་དམིགས་ཀྱི་སྒོ་ལས་ ཤུགས་སྦེ་འཕུལ་བཏང་བའི་ཤུལ་ལུ་ ཚེ་ལས་འདས་ཡོདཔ་ལས་ སྲོག་གཅོད་ཀྱི་ གནོད་འགེལ་འཐབ་ཡོདཔ་ ངེས་བདེན་ཨིནམ་ལས་ ཚེ་བཙོན་གྱི་ ཉེས་ཁྲིམས་སྨིན་དགོཔ་ཨིན་རུང་ མོ་གིས་ ཧེ་མ་ལས་ ཉེས་འགེལ་ཁྲིམས་གཅོད་གྲུབ་བརྗེད་ཐོ་མེདཔ་ལས་ ཁྲིམས་ཚད་ཀྱི་དོན་ལུ་ ལྷོད་ཡངས་ཀྱི་ སྐབས་དོན་གྲངས་སུ་བརྩིས་ཏེ་ ཁྲིམས་ཚད་ལོ་ངོ་༢༥ བཀལ་ཡོདཔ་ཨིན་པས།
གནད་དོན་དེ་ཡང་ ཉེས་འཛུགས་ཅན་ ཀུན་བཟང་ལྷ་མོ་གིས་ སྤྱི་ལོ་༢༠༡༦ ཟླ་༩ པའི་ཚེས་༣༠ གི་ དྲོ་པའི་ཆུ་ཚོད་༧ ལུ་ ཉམས་རྒུདཔ་དང་གཅིག་ཁར་ གནད་དོན་གལ་ཅན་ཅིག་ ག་ཅི་ཡང་མེད་རུང་ ཕོ་མོའི་དགའ་མཐུན་དང་འབྲེལ་བའི་ གནད་དོན་ཅིག་གི་ཞོར་ལས་ ཁ་འཐབ་ཚིག་འཐབ་བྱུང་བའི་སྐབས་ རྩོད་ཟླ་གིས་ ཉམས་རྒུད་པ་ བཀྲིས་མཚོ་མོ་དེ་ རིང་ཚད་ཕིཊ་༣༦.༧ འབད་མི་ གྱང་གུ་ལས་མར་ ཤུགས་སྦེ་འཕུལ་བཏང་བའི་ཤུལ་ལུ་ ཚེ་ལས་འདས་སོཔ་ཨིན་པས།
ཉམས་རྒུདཔ་དེ་ ཚེ་ལས་འདས་ཡོདཔ་ངེས་བདེན་ཨིན་པའི་ སྒྲུབ་བྱེད་དངོས་སུ་ཐོན་མི་དེ་ལུ་ཡང་ བློ་འགྱོད་དང་ སེམས་ཕམ་བསྐྱེད་ནི་མེན་པར་ ཡིད་ཚིམས་དང་ ངལ་རངས་བྱུང་ཡོད་ལུགས་ཀྱི་ ཡིག་འཕྲིན་ཚུ་ཡང་ བཏང་ཡོདཔ་ལས་ རྩོད་ཟླ་ཀུན་བཟང་ལྷ་མོ་གིས་ སྲོག་གཅོད་ཀྱི་ གནོད་འགེལ་འཐབ་མི་དེ་ལུ་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་དོན་ཚན་༡༣༨ དང་༡༣༩ ཅན་མའི་ དགོངས་དོན་དང་འཁྲིལ་ དབྱེ་རིམ་དང་པའི་ ཉེས་ཆེན་སྨིན་དགོཔ་ཨིན་པས།
ཨིན་རུང་ ཉེས་ཅན་གྱིས་ མནོ་བཞིན་བསམ་བཞིན་དུ་ སྲོག་གཅོད་ཀྱི་ གནོད་འགེལ་འཐབ་ནིའི་དོན་ལུ་ གྲ་སྒྲིག་འབད་འབདཝ་མེནམ་ལས་ ཉེས་ཅན་མོ་རའི་ རྒུད་པའི་ཉིནམ་ལུ་ལྷོད་དེ་ ཙིགཔ་ཟ་བའི་ཤུགས་ཀྱིས་ དེ་འཕྲོ་ལས་ ཉམས་རྒུདཔ་དེ་ འཕུལ་བཏང་བའི་གནད་ལས་ ཚེ་ལས་འདས་སོ་ནུག་ཟེར་ ཁྲིམས་ཆོད་ནང་བཀོད་ནུག།
དེ་ལས་ ཚེ་འདས་བཀྲིས་མཚོ་མོ་གི་ རོ་བསྡུ་དགེ་རྩ་འབད་ནིའི་དོན་ལུ་ ཞག་གྲངས་༤༩ ཚུན་ མི་གྲངས་༧ གྱི་ ཟད་རྩིས་རྐྱབ་སྟེ་ ཉམས་རྒུད་པའི་ ཕམ་དང་སྤུན་ཆ་ལུ་ སྤྲོད་དགོཔ་སྦེ་ བཀའ་རྒྱ་གནང་ཡོདཔ་ཨིན་རུང་ ཉེས་འཛུགས་ཅན་གྱི་ ནུ་གཅུང་དང་ ཉམས་རྒུད་པའི་ཨ་ཞེམོ་༢ ཀྱི་བར་ན་ རྒུད་འཐུས་དངུལ་ཀྲམ་༢༡༠,༠༠༠ སྤྲོད་ལེན་འབད་ཡོདཔ་སྦེ་ འཁྲུན་ཆོད་ནང་བཀོད་ཡོདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

བསླབ་སྟོན་པ་གཞི་བཙུགས་ཐོག་ སྔོན་འགོག་གི་ཐབས་ལམ་བཏོན་དགོཔ།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་སྡེའི་ ཚོགས་ཞུགས་སྐབས་ ཤེས་རིག་བློན་པོ་ ཇའེ་བིར་རའེ་གིས་ ཤེས་རིག་བཟའ་ཚང་དེ་ར་ སྦོམ་ཨིན་ནི་དེ་གིས་ བྱ་སྟབས་མ་བདེ་བའི་དཀའ་ངལ་དང་ གདོང་ལེན་ཐོན་རུང་ ན་གཞོན་ཚུ་ མ་འོངས་པའི་བདོག་གཏད་དང་ འགོ་ཁྲིདཔ་ཨིནམ་ལས་ སྔོན་འགོག་ཐབས་ལམ་དང་ ལཱ་ …

Leave a Reply

Your email address will not be published. Required fields are marked *