སྲུང་རྒྱབ་ཅིག་གིས་ སློབ་ཕྲུག་བུམོ་ཅིག་ལུ་ དབང་བཙོང་འབད་ནིའི་ དཔའ་བཅམ་ཡོདཔ།

༉ སྐྱེས་ལོ་༦༥ ལང་མི་ སློབ་གྲྭའི་སྲུང་རྒྱབ་ཅིག་གིས་ སྐྱེས་ལོ་༦ ལང་མི་ སློབ་ཕྲུག་བུམོ་ཅིག་ལུ་ དབང་བཙོང་འདོད་སྤྱོད་འབད་ནི་གི་ དཔའ་བཅམ་མི་ལུ་བརྟེན་ དབང་འདུས་རྫོང་ཁག་ཁྲིམས་འདུན་གྱིས་ ཉེས་ཅན་དེ་ལུ་ བཙོན་ཁྲིམས་ལོ་༥ བཀལ་ནུག།
དེ་མ་ཚད་ སྲུང་རྒྱབ་དེ་གིས་ ཉམས་རྒུདཔ་ལུ་ རྒུད་འཐུས་དངུལ་ཀྲམ་༤༥,༠༠༠ སྤྲོད་དགོ་པའི་ འཁྲུན་ཆོད་གནང་ཡོདཔ་ད་ ཉེས་འཛུགས་ཅན་དཀར་མདོག་གིས་ ན་ཧིང་དབང་འདུས་རྫོང་ཁག་འོག་གི་ སློབ་གྲྭ་ཆུང་བའི་ སློབ་ཕྲུག་བུམོ་དེ་ ཁོ་རའི་ཁྱིམ་ནང་འཁྱིད་དེ་ དཀྱི་ར་དང་ ནང་ན་གྱོན་མི་ གོ་ལ་ཚུ་ག་ར་ཕུད་དེ་ དབང་བཙོང་འབད་ནིའི་ དཔའ་བཅམ་ནུག་ཟེར་ འཁྲུན་ཆོད་ནང་བཀོད་ནུག།
བྱ་ངན་དེ་ཡང་ ན་ཧིང་ སྤྱི་ཟླ་༣ པའི་ཚེས་༡༧ གྱི་ཉིན་མར་ སློབ་གྲྭའི་ས་ཁོངས་ནང་ ཉེས་འཛུགས་ཅན་གྱི་ཁྱིམ་ནང་ བྱུང་ཡོདཔ་ད་ ཉེས་འཛུགས་ཅན་ཁོ་ར་ སློབ་གྲྭ་དེ་གི་སྲུང་རྒྱབ་ཨིན་པས།
ཞིབ་དཔྱད་འབད་བའི་སྐབས་ ཉེས་འཛུགས་ཅན་གྱིས་ བྱ་ངན་འབད་མི་ལུ་ ཁ་བཟེད་ཡོདཔ་ད་ བྱ་ངན་དེའི་སྐོར་ལས་ བུམོ་གི་ཕམ་ཚུ་གིས་ སྙན་ཞུ་འབད་ཡོདཔ་ཨིན་པས།
གསོ་བའི་བརྟག་དཔྱད་འབད་བའི་སྐབས་ ཉེས་ཅན་གྱིས་ ལུས་འབྲེལ་འབད་ནི་གི་ དཔའ་བཅམ་ཡོད་པའི་ གྲུབ་འབྲས་ཐོན་ཡོདཔ་ཨིན་པས།
འཁྲུན་ཆོད་དང་འཁྲིལཝ་ད་ ཉེས་འཛུགས་ཅན་ལུ་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ཀྱི་དོན་ཚན་༡༣༤ ཀ་པ་༡༠ པ་དང་འཁྲིལ་ དབྱེ་རིམ་གསུམ་པའི་ཉེས་ཆེན་ དམའ་ཤོས་ལོ་ངོ་༥ དང་ མཐོ་ཤོས་ལོ་༩ འོག་རྒྱུ་སྨིན་དགོཔ་ཨིན་རུང་ ཉེས་འཛུགས་ཅན་གྱིས་ ཧེ་མ་ དེ་བཟུམ་འབད་བའི་ ཐོ་མེད་པའི་ཁར་ ཁོ་ར་ ལོ་ན་ཡང་རྒས་ཡོདཔ་དང་ ནད་གཞི་ཡོད་པའི་ མི་ཅིག་ཨིནམ་ལས་ བཙོན་ཁྲིམས་ལོ་༥ བཀལ་ཡོདཔ་ཨིན་པས།
ཉེས་འཛུགས་ཅན་དེ་ བྱ་ངན་འབད་བའི་ཚེ་ར་ འཛིན་བཟུང་འབད་ཡོདཔ་ལས་ ཁོ་རའི་ བཙོན་ཁྲིམས་ཀྱི་ གནས་ཡུན་དེ་ སྤྱི་ལོ་༢༠༢༢ ཟླ་༣ པའི་ཚེས་༡༧ ལུ་ ཚང་ནི་ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

འབྲུག་པའི་ ཨམ་སྲུའི་ཕུཊ་བཱོལ་སྡེ་ཚན་ཚུ་གིས་ རྒྱལ་ཁ་ཐོབ་མ་ཚུགས་པར་ཡོདཔ།

༉ འདས་པའི་བདུན་ཕྲག་ལས་འགོ་བཙུགས་ སྤྱི་ཟླ་༣ པའི་ཚེས་༢༨ ཚུན་ བང་ལ་དེཤ་གི་རྒྱལ་ས་ ཌ་ཀ་ལུ་ རྒྱལ་སྤྱི་ཕུཊ༌བཱོལ་རྩེད་ཐང་ནང་སྦེ་ ལྷོ་ཨེ་ཤི་ཡཱན་ ཨམ་སྲུའི་ཕུཊ་བཱོལ་དོ་འགྲན་འབད་མིའི་ནང་ འབྲུག་ལས་ སྐྱེས་ལོ་༡༧ མན་ཆད་འབད་མི་ རྒྱལ་ཡོངས་ཨམ་སྲུའི་ཕུཊ༌བཱོལ་སྡེ་ཚན་གྱིས་ བཅའ་མར་གཏོགས་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *