སྲིད་ཚོགས་ཚུ་ནང་ ཨམ་སྲུ་འདེམས་ངོ་ཉུང་སུ་ཅིག་ལས་བརྒལ་མེདཔ།

ད་རེས་ནངས་པར་ སྲིད་དོན་ཚོགས་པ་ཚུ་གི་ ནང་འཁོད་ལུ་ བསྒྱུར་བཅོས་ལེ་ཤ་འབད་ཡོད་རུང་ སྤྱི་ཚོགས་༣ པའི་ བཙག་འཐུ་ནང་ དོ་འགྲན་འབད་མི་ ཨམ་སྲུ་འདེམས་ངོ་ཚད་གཅིག་ལས་བརྒལ་མེདཔ་ཨིན་པས།

ཁ་ཙ་ འབྲུག་མཉམ་རུབ་ཚོགས་པ་གིས་ འདེམས་ངོ་༤༦ ངོ་སྤྲོད་འབད་མི་ལས་ ཨམ་སྲུ་༥ ཡོད་མི་དེ་ བརྒྱ་ཆ་ལས་བཅད་པ་ཅིན་ བརྒྱ་ཆ་༡༠.༦ རྐྱངམ་གཅིག་ཨིན་པས།

གལ་སྲིད་ ཚོགས་པའི་ནང་ ཨམ་སྲུའི་གྱངས་ཁ་མངམ་མེད་རུང་ འདེམས་ངོ་ཨམ་སྲུ་ ལྕོགས་གྲུབ་དང་ འཇོན་ཐངས་ཅན་ཡོད་མི་དེ་གིས་ སྲིད་དོན་ལུ་ ཨམ་སྲུ་ལེ་ཤ་གིས་ དང་འདོད་བསྐྱེད་ཚུགས་ནིའི་ གོ་སྐབས་ཡོད་ཟེར་ཚོགས་པའི་འགོ་འཛིན་ཚུ་གིས་ བཤདཔ་ཨིན་པས།

ཚོགས་པ་གིས་ འདེམས་ངོ་ཚུ་ ངོ་སྤྲོད་འབདཝ་དང་འབྲེལ་ བརྡ་བརྒྱུདཔ་ཚུ་གིས་ འདེམས་ངོ་ཚུ་གི་སྐོར་ལས་ དྲི་བ་དྲིས་ལན་འབད་བའི་སྐབས་ བྱང་ཐིམ་ཕུག་འདེམས་ཁོངས་ཀྱི་འདེམས་ངོ་ བདེ་ཆེན་དབང་མོ་གིས་ སླབ་མིའི་ནང་ མོ་སྲིད་དོན་ནང་ བཅའ་མར་གཏོགས་མི་དེ་ཡང་ ཨམ་སྲུའི་གྱངས་ཁ་མེན་པར་ ཨམ་སྲུ་ཚུ་ སྲིད་འབྲེལ་ནང་ གྲལ་གཏོགས་ཀྱི་ སེམས་ཤུགས་བསྐྱེད་ཐབས་ལུ་ཨིན་ཟེར་ཨིན་པས།

ཚོགས་པའི་ཨམ་སྲུ་འདེམས་ངོ་༥ པོ་དེ་ཡང་ མགར་ས་ཁ་སྨད་-ལུག་ནང་ན་འདེམས་ཁོངས་ཀྱི་ ཡེ་ཤེས་སྒྲོལ་མ་དང་ ཆུ་ཁ་བོང་སྒོར་-སྐྱབས་ཆ་འདེམས་ངོ་ ཚེ་དབང་ལྷམོ་ ཧཱ་གསང་སྦས་ཁའི་ རྡོ་རྗེ་དབང་མོ་ དེ་ལས་ བསམ་རྩེ་བཀྲིས་ཆོས་གླིང་འདེམས་ཁོངས་ལས་ དཱིལ་མ་ཡ་རའི་ཚུ་ཨིན་པས།

ད་རེས་ནངས་པར་ སྲིད་དོན་ཚོགས་པ་ཚུ་གིས་ རང་སོའི་ཁས་བླངས་གསལ་བསྒྲགས་ཚུ་ ཟིན་བྲིས་བཏབ་པའི་བསྒང་ཡོད་རུང་ སྲིད་དོན་པ་ ཨམ་སྲུ་ཚུ་གི་ ཐོབ་དབང་སྐོར་ལས་ གྲོས་བསྡུར་ག་ནི་ཡང་ མ་འབད་ཟེར་ཨིན་པས།

མི་སེར་དམངས་གཙོ་ཚོགས་པ་གིས་ སྤྱི་ལོ་༢༠༡༣ ལུ་ བཙག་འཐུ་གྲུབ་ཡོད་པའི་ ཨམ་སྲུ་ཚུ་གི་དོན་ལུ་ འདེམས་ཁྲི་བརྒྱ་ཆ་༢༠ བྱིན་ནི་སྦེ་ ཁས་ལེན་འབད་ཡོད་རུང་ ཤུལ་ལས་ གཞུང་གིས་ འབྲེལ་ཡོད་ལས་སྡེ་ཚུ་གི་ གྲོས་འདེབས་ལུ་བརྟེན་ ཆ་མེད་བཏང་ནུག།

ད་ལྟོ་ མི་སེར་དམངས་གཙོ་ཚོགས་པའི་ནང་ ཨམ་སྲུ་འཐུསམི་ ཧཱ་སྦྱིས་-དཀར་ཚོའི་འཐུས་མི་ ཀུན་ལེགས་དབང་མོ་དང་ བཀྲིས་སྒང་ཁྲིམས་ཤིང་-རྐང་པ་རའི་འཐུས་མི་ ཞབས་ཏོག་བློན་པོ་ རྡོ་རྗེ་ཆོས་སྒྲོན་༢ ལས་བརྒལ་མེདཔ་ཨིན་པས།

ཚོགས་པའི་ཡོངས་ཁྱབ་དྲུང་ཆེན་ བསོད་ནམས་རྒྱ་མཚོ་གིས་ སླབ་མིའི་ནང་ ད་རེས་ འདེམས་ཁོངས་མང་རབས་ཅིག་གི་ འདེམས་ངོ་ཚུ་ ངོ་སྤྲོད་འབད་ཡོདཔ་མ་ཚད་ འདེམས་ངོ་གསརཔ་ཚུ་ཡང་ ད་ལྟོ་ ཕྱག་ཞུ་བའི་བསྒང་ཡོད་མི་ འཐུས་མི་ཚུ་གི་ཚབ་སྦེ་ གསར་བཙུགས་འབད་དོ་ཟེར་ཨིན་པས།

འབྲུག་ཕུན་སུམ་ཚོགས་པ་གིས་ འདེམས་ཁོངས་ཆ་མཉམ་གྱི་ འདེམས་ངོ་ཚུ་ ཐག་བཅད་དེ་ཡོདཔ་བཞིན་དུ་ ཚོགས་པའི་ནང་ ད་ཚུན་ འདེམས་ངོ་ཨམ་སྲུ་༦ ཐོན་ཏེ་ཡོདཔ་ད་ ཚོགས་པ་གིས་ བྱང་ཐིམ་ཕུག་འདེམས་ཁོངས་ཀྱི་འདེམས་ངོ་ ལི་ལི་དབང་ཕྱུག་དང་ མཁར་-གཡུ་རུང་འདེམས་ཁོངས་ལས་ ཚེ་རིང་ཆོས་སྒྲོན་༢ ངོ་སྤྲོད་འབད་དེ་འདུག།

འདེམས་ངོ་བགྲེསཔ་ག་ར་ལུ་ གོ་སྐབས་བྱིན་ཏེ་ཡོདཔ་ལས་ སྲིད་དོན་ཚོགས་པ་གཞན་ཚུ་དང་ཕྱདཔ་ད་ འབྲུག་ཕུན་སུམ་ཚོགས་པའི་ནང་ ཨམ་སྲུ་འདེམས་ངོ་མངམ་ཡོད་ཟེར་ ཚོགས་པའི་ཡོངས་ཁྱབ་དྲུང་ཆེན་ ཨོ་རྒྱན་རྡོ་རྗེ་གིས་ བཤདཔ་ཨིན་པས།

ཁོ་གིས་འབད་བ་ཅིན་ ཨམ་སྲུ་ཚུ་གིས་ སྲིད་དོན་ནང་ བཅའ་མར་གཏོགས་མ་བཏུབ་མིའི་ གནད་དོན་གཙོ་བོ་ར་ རྒྱལ་ཁ་འཐོབ་ནིའི་ འོས་འབབ་དང་ བློ་གཏད་ སེམས་ཤུགས་བསྐྱེད་མ་ཚུགས་མི་ལུ་བརྟེན་ཨིན་མས་ཟེར་ཨིན་པས།

ཨོ་རྒྱན་རྡོ་རྗེ་གིས་ སླབ་མིའི་ནང་ འདེམས་ཁོངས་༤༥ གི་ འདེམས་ངོ་ཚུ་ གཏན་འཁེལ་སོང་སྟེ་ཡོདཔ་བཞིན་དུ་ ད་ལྟོ་ འདེམས་ཁོངས་༢ ཀྱི་ འདེམས་ངོ་ཚུ་ ཐག་བཅད་པའི་བསྒང་ཡོད་ཟེར་ཨིནམ་ད་ འདེམས་ངོ་རྙིངམ་ཚུ་ རང་འཇགས་སྦེ་ བཞག་ནི་ཨིན་རུང་ གཞུང་འབྲེལ་ཐོག་ ངོ་སྤྲོད་མ་འབད་བར་ཡོད་ཟེར་ཨིན་པས།

འབྲུག་ཀུན་མཉམ་ཚོགས་པ་གིས་ ད་ཚུན་ ཨམ་སྲུ་འདེམས་ངོ་༤ རྐྱངམ་གཅིག་ ངོ་སྤྲོད་འབད་དེ་ཡོདཔ་ད་ འདེམས་ངོ་ཨམ་སྲུ་ཚུ་ཡང་ ཚོགས་པའི་གཙོ་འཛིན་ བསམ་གྲུབ་ལྗོངས་མཁར་བདེ་བ་ཐང་-སྒོམ་དར་གྱི་འདེམས་ངོ་ དྲགོས་གནས་བརྟན་བཟང་མོ་དང་ གཞལམ་སྒང་བར་དོ་-ཀྲོང་ལས་ སྐལ་བཟང་ཆོས་སྒྲོན་ དར་དཀར་ནང-རྩེ་ཟ་འདེམས་ཁོངས་ལས་ ཕྱག་རྡོར་དབང་མོ་ སྤུ་ན་ཁ་དཀར་སྦྱིས་-རྟ་ལོག་ལས་ བདེ་ཆེན་བཟང་མོ་ཚུ་ཨིན་པས།

འབྲུག་ཀུན་མཉམ་ཚོགས་པའི་ གཙོ་འཛིན་འོགམ་ བསོད་ནམས་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ ཚོགས་པའི་ནང་ བརྒྱ་ཆ་༣༠ ཨམ་སྲུ་འདེམས་ངོ་ཚུ་ལུ་ ཤོག་འཛིན་བྱིན་ནི་སྦེ་ སྲིད་བྱུས་ཅིག་ཡོདཔ་མ་ཚད་ བརྒྱ་ཆ་༢༠ ན་གཞོན་ཚུ་ལུ་ གོ་སྐབས་བྱིན་ནིའི་ སྲིད་བྱུས་བཟོ་སྟེ་ཡོད་ཟེར་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *