སྲིད་ཚོགས་ཚུ་གིས་ བརྡ་བརྒྱུདཔ་ཚུ་གི་ ཁྱད་རིག་གོང་འཕེལ་གྱི་ཁས་བླངས།

༉ སྲིད་ཚོགས་ཚུ་གིས་ འཕྲལ་ཁམས་ཅིག་ཁར་ གསལ་སྟོན་འབད་མི་ ཁས་བླངས་གསལ་བསྒྲགས་ཚུ་དང་འཁྲིལཝ་ད་ ཚོགས་པ་ཆ་མཉམ་གྱིས་ ལས་སྣ་ཁག་སོ་སོའི་ཐོག་ལས་ བརྡ་བརྒྱུད་ཀྱི་གནས་སྟངས་ ཡར་དྲག་གཏང་ནིའི་ ཁས་བླངས་འབད་ནུག།
སྤྱི་ལོ་༢༠༡༨ ལུ་ འཛམ་གླིང་བརྡ་བརྒྱུད་ཀྱི་རང་དབང་གི་ གནས་ཐོ་ནང་ འབྲུག་རྒྱལ་ཁབ་འདི་ འཛམ་གླིང་རྒྱལ་ཁབ་༡༨༠ གི་གྲས་ལས་ ཨང་༩༤ པའི་ནང་ མར་བབས་སོང་ཡོདཔ་ད་ སྤྱི་ལོ་༢༠༡༧ ལུ་ ཨང་༨༤ པ་ནང་ གནས་ཡོདཔ་ཨིན་པས།
སྲིད་དོན་ཚོགས་པ་ཆ་མཉམ་གྱི་ ཁས་བླངས་ཅོག་འཐདཔ་ཡོད་མི་༡ པོ་དེ་ བརྡ་བརྒྱུདཔ་ཚུ་གི་ ཁྱད་རིག་གོང་འཕེལ་གཏང་ནི་དེ་ཨིན་པས།
འབྲུག་ཀུན་མཉམ་ཚོགས་པ་གིས་འབད་བ་ཅིན་ འགན་ཁུར་ཅན་གྱི་ མི་མང་བརྡ་བརྒྱུད་དང་ རྒྱང་བསྒྲགས་ཀྱི་ ཞབས་ཏོག་ཡར་དྲག་ནི་དང་ མ་དངུལ་ཡར་སེང་ སྲིད་བྱུས་ཀྱི་ རྒྱབ་སྐྱོར་ཐོག་ལས་ གཡོག་གི་མདུན་ལམ་ གོང་འཕེལ་གཏང་ནིའི་ ཁས་བླངས་ཡོདཔ་མ་ཚད་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་ཚུ་དང་ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་དང་གཅིག་ཁར་ གལ་གནད་ཆེ་བའི་ རྒྱལ་ཡོངས་ཀྱི་ གནད་དོན་ཚུ་ བསྟུན་གྲོས་འབད་ནིའི་དོན་ལུ་ དུས་རྒྱུན་དུ་ བརྡ་བརྒྱུད་ཞལ་འཛོམས་འཚོགས་ནིའི་ ཁས་བླངས་འབདཝ་ཨིན་པས།
འབྲུག་མཉམ་རུབ་ཚོགས་པ་གིས་འབད་བ་ཅིན་ ད་རེས་གནས་བཞིན་ཡོད་པའི་ གནས་ཚུལ་བརྡ་སྤེལ་མི་ བརྡ་བརྒྱུད་སྒྲིང་སྒྲི་བཟོ་ཐབས་དང་འབྲེལ་བའི་ སྲིད་བྱུས་བསྐྱར་ཞིབ་འབད་ནི་དང་ སྤྱི་ལོ་༢༠༠༧ ལུ་ ཟིད་བྲིས་བཏབ་མི་ གནས་ཚུལ་ཐོབ་དབང་བཅའ་ཡིག་ཡང་ བསྐྱར་ཞིབ་ཐོག་ ཆ་འཇོག་འབད་ནི་ཟེར་ཨིན་པས།
འབྲུག་མཉམ་རུབ་ཚོགས་པའི་ བརྡ་བརྒྱུད་ཀྱི་ ཁས་བླངས་དང་འཁྲིལཝ་ད་ ཞི་བའི་མི་སྡེ་ལས་ཚོགས་ཚུ་བརྩིས་ཏེ་ འབྲུག་བརྡ་དོན་བརྒྱུད་འབྲེལ་དང་ བརྡ་བརྒྱུད་དབང་འཛིན་བཟུམ་མའི་ ལས་ཚོགས་དང་ གཙུག་སྡེ་ཚུ་ འགན་ཁུར་སྔར་བ་ལྷགཔ་འབག་ནའི་དོན་ལུ་ སྒྲིང་སྒྲི་བཟོ་ནིའི་ རྒྱབ་སྐྱོར་འབད་ནི་ཟེར་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་ ཁས་བླངས་དང་འཁྲིལཝ་ད་ མི་མང་དང་ འབྲེལ་བ་ཡོད་པའི་ བརྡ་དོན་ལུ་ ཐོབ་དབང་བཟོ་ནི་དང་ རང་དབང་ཅན་གྱི་ བརྡ་བརྒྱུད་བཟོ་ནི་ཟེར་ཨིན་པས།
དེ་མ་ཚད་ མི་མང་གིས་དབང་བའི་ བརྡ་བརྒྱུད་ལས་ཁང་ནང་ ལས་བྱེདཔ་གདམ་འཐུ་འབད་ནི་དེ་ རང་སོའི་ལྕོགས་གྲུབ་དང་འཁྲིལ་ དྭངས་གསལ་གྱི་སྒོ་ལས་ བསྐོ་བཞག་འབད་ནི་དང་ ད་རེས་ གནས་སྟངས་སྐྱོ་དྲགས་ནང་ཡོད་པའི་ བརྡ་བརྒྱུད་ལས་ཁང་ཚུ་ལུ་ ལོག་སྒྲིང་སྒྲི་འགྱོ་ནིའི་དོན་ལུ་ རྒྱབ་སྐྱོར་འབད་ནི་དང་ འབྲུག་རྒྱང་བསྒྲགས་ལས་འཛིན་ མི་མང་གི་ ཞབས་ཏོག་སྤྲོད་མི་ཅིག་སྦེ་ དར་ཁྱབ་གཏང་ནི་ཚུ་ཡང་ ཁས་བླངས་གསལ་བསྒྲགས་ཀྱི་ གྲངས་སུ་ ཚུད་དེ་འདུག།
དེ་ལས་ མི་སེར་དམངས་གཙོ་ཚོགས་པ་གིས་ཡང་ གནས་ཚུལ་བསྡུ་བཀོདཔ་དང་ བརྡ་བརྒྱུདཔ་ཚུ་གི་ ཁྱད་རིག་གོང་འཕེལ་གཏང་ནི་ གནས་ཚུལ་གསར་ཤོག་པར་སྐྲུན་གྱི་དོན་ལུ་ ཕབ་ཆག་བྱིན་ནི་དང་ ཤུལ་མའི་ལོ་༥ གི་རིང་ བརྡ་བརྒྱུད་ལས་ཁང་ཚུ་ལུ་ དངུལ་འབྲེལ་སེམས་ཤུགས་དང་ ཁྲལ་དགོངས་ཡངས་བྱིན་ནིའི་ ཁས་བླངས་འབདཝ་ཨིན་པས།
དེ་མ་ཚད་ ཁས་བླངས་གསལ་བསྒྲགས་ནང་ བརྡ་བརྒྱུད་ལས་ཁང་ཚུ་ ཡུན་བརྟན་གནས་ཐབས་ལུ་ དངུལ་འབྲེལ་རྒྱབ་སྐྱོར་འབད་ནིའི་དོན་ལུ་ བརྡ་བརྒྱུད་གོང་འཕེལ་མ་དངུལ་ གཞི་བཙུགས་འབད་ནི་དང་ གཞུང་གི་ལས་སྡེ་ཚུ་ནང་ བརྡ་དོན་འགོ་དཔོན་རེ་ བསྐོ་བཞག་འབད་ནི་ དེ་ལས་ འབྲུག་བརྡ་བརྒྱུདཔ་མཐུན་ཚོགས་ལུ་ ལོ་བསྟར་ཡུན་བརྟན་མ་དངུལ་ཐོག་ལས་ རྒྱབ་སྐྱོར་འབད་ནི་ཟེར་ བཀོད་དེ་ཡོདཔ་ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

 

About admin

Check Also

འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།

༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …

Leave a Reply

Your email address will not be published. Required fields are marked *