སྲིད་ཚོགས་ཅིག་གི་དོན་ལུ་ སྐུལ་བསྒྲགས་འབད་མི་ ཕོ་སྐྱེས་༡ ལུ་ ཉེན་བརྡ་བྱིན་ཡོདཔ།

༉ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ ལྷུན་རྩེ་ལུ་ འབྲུག་མཉམ་རུབ་ཚོགས་པའི་ཧོངས་ལས་ སྐུལ་བསྒྲགས་འབད་མི་ གཞུང་མིན་ལས་ཚོགས་ཀྱི་ ལས་བྱེདཔ་ཅིག་ལུ་ ཉེན་བརྡ་བྱིན་ཡོདཔ་ཨིན་པས།

དེ་ཡང་ སྤྱི་ཟླ་༡༠ པའི་ཚེས་༡༦ ལུ་ འབྲུག་ཕུན་སུམ་ཚོགས་པའི་ རྫོང་ཁག་འགོ་འདྲེན་པ་གིས་ ལྷུན་རྩེ་བཙག་འཐུ་རྩོད་རྙོགས་སེལ་ཐབས་ཚོགས་ཆུང་ལུ་ ཉོགས་བཤད་ཡི་གུ་བཙུགས་མིའི་ནང་ ཏཱ་ར་ཡ་ན་གཞི་ཚོགས་ཀྱི་ལས་བྱེདཔ་ ད་ལྟོ་སྒང་ཟུར་རྒེད་འོག་ གནས་གཡུས་ཚན་ནང་ལཱ་འབད་མི་ བསོད་ནམས་རྒྱ་མཚོ་གིས་ བཙན་མཁར་རྒེད་འོག་བརྩིས་ཏེ་ གཡུས་སྒོ་ཚུ་ནང་ འབྲུག་མཉམ་རུབ་ཚོགས་པ་ལུ་ ཚོགས་རྒྱན་བཙུགས་ཟེར་ སྐུལ་བསྒྲགས་འབད་ཡོད་པའི་ ཉོགས་བཤད་ཡི་གུ་བཙུགས་ནུག།

ཉེས་འཛུགས་དང་འཁྲིལཝ་ད་ སྤྱི་ཟླ་༡༠ པའི་ཚེས་༡༤ ལུ་ བསོད་ནམས་རྒྱ་མཚོ་གིས་ བཙན་མཁར་གཡུས་ཚན་ནང་ འབྲུག་ཕུན་སུམ་ཚོགས་པའི་ མིང་གཏམ་ཞན་བཅུག་ཐོག་ལས་ སྐུ་འཁོར་གྱི་མཚན་བཏོན་ཏེ་ བཀའ་ཨིན་ཟེར་ འབྲུག་མཉམ་རུབ་ཚོགས་པ་ལུ་ ཚོགས་རྒྱན་སྐྱུར་དགོ་པའི་སྐོར་ལས་ མི་སེར་ཚུ་ལུ་སླབ་མི་དེ་ འབྲུག་ཕུན་སུམ་ཚོགས་པའི་ རྒྱབ་སྐྱོར་པ་ཅིག་གིས་ སྒྲ་བཟུང་བཞག་མི་དེ་ སྒྲ་དང་སྦྲགས་ཏེ་ བཙག་འཐུ་ཡིག་ཚང་ནང་ བཙུགས་ནུག།

ལྷན་ཚོགས་ཀྱིས་ ཁ་ཙ་ གྲོས་ཐག་བཅད་མི་ འཁྲུན་ཆོད་དང་འཁྲིལཝ་ད་ རྩོད་རྙོགས་དེ་ སྤྱི་ཟླ་༡༠ པའི་ཚེས་༡༦ ལུ་རྐྱངམ་གཅིག་ལྷོད་ནི་དེ་གིས་ དུས་ཚོད་ཀྱི་ ཁེ་ཕན་ལུ་བལྟ་སྟེ་ ལྷན་ཚོགས་ཀྱིས་ ཉེས་འཛུགས་ཅན་ལུ་ འགྲུལ་འཕྲིན་ཐོག་ལས་ དྲི་ཞིབ་འབད་བའི་སྐབས་ ཉེས་འཛུགས་ཅན་གྱིས་ སྒྲ་བཟུང་འབད་མི་དེ་ ཁོ་རའི་སྐད་ཨིན་པའི་སྐོར་ལས་ ཁ་བཟེད་ཡོད་རུང་ ཁོ་གིས་མ་ཤེས་པར་ སྒྲ་བཟུང་བཞག་ནུག་ཟེར་ སླབ་ཅི་ཟེར་ཨིན་པས།

དྲི་ཞིབ་འབད་བའི་སྐབས་ ཏཱ་ར་ཡ་ནའི་སྐྱིད་སྡུག་ཐོབ་མི་ཚུ་ལུ་ སླབ་མི་དེ་ བཀའ་རྒྱ་མེན་པའི་ རྫུན་ཁ་བཟེད་ཡོདཔ་ཨིན་པས།

གྲོས་ཆོད་ནང་ ཁོ་གིས་ སྐྱིད་སྡུག་ཐོབ་མི་ཚུ་དང་གཅིག་ཁར་རྐྱངམ་གཅིག་ ཁ་སླབ་ཡོདཔ་མ་གཏོགས་ གཡུས་ཚན་ཚུ་ནང་ སྐུལ་བསྒྲགས་འབད་ཡོད་པའི་ སྒྲུབ་བྱེད་མིན་འདུག་ཟེར་ བཀོད་ཡོདཔ་མ་ཚད་ སྒྲ་བཟུང་འབད་མིའི་ནང་ འབྲུག་ཕུན་སུམ་ཚོགས་པ་ལུ་ ཁ་བཏང་བཏངམ་མེན་མི་དེ་ཡང་ མིང་གཏམ་ཞན་ནིའི་དོན་ལུ་ མ་རངས་པའི་ཚིག་ ལག་ལེན་འཐབ་སྟེ་མིན་འདུག་ཟེར་ བཀོད་ནུག།

སྡེ་ཚན་ག་འབད་རུང་ ལྷན་ཚོགས་ཀྱི་གྲོས་ཆོད་ལུ་ བསམ་པ་མ་རྫོགས་པ་ཅིན་ མཐོ་གཏུགས་འབད་ནིའི་ གོ་སྐབས་བྱིན་ཡོད་པའི་གནས་ཚུལ།

ལྷུན་རྩེ་ལས་ ཚེ་རིང་རྣམ་རྒྱལ།

About admin

Check Also

བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན། དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ …

Leave a Reply

Your email address will not be published. Required fields are marked *