སྲིད་ཚོགས་གཉིས་མཉམ་བསྡོམས་འབད་འབདཝ་མེདཔ།

༉ འབྲུག་ཕུན་སུམ་ཚོགས་པ་གིས་ སླབ་མི་དང་འཁྲིལ་བ་ཅིན་ ཁོང་གི་ཚོགས་པ་དེ་ འབྲུག་སྤྱིར་དབང་ཚོགས་པ་དང་གཅིག་ཁར་ མཉམ་བསྡོམས་འབད་འབདཝ་མེན་ནི་དེ་གིས་ མཉམ་བསྡོམས་ཀྱི་སྐོར་ལས་ ལོ་རྒྱུས་ཐོན་མི་ཚུ་ མི་བདེན་ཟེར་ཨིན་པས།
དེ་ཡང་ གནད་དོན་དེའི་ཐད་ཁར་ ཁ་ཙ་ འབྲུག་ཕུན་སུམ་ཚོགས་པ་གིས་ གནས་ཚུལ་གསར་བཏོན་འབད་མི་དང་འཁྲིལཝ་ད་ ཆ་མེད་སོང་མི་ འབྲུག་སྤྱིར་དབང་ཚོགས་པའི་གཙོ་འཛིན་བགྲེསཔ་ ལི་ལི་དབང་ཕྱུག་དེ་ འབྲུག་ཕུན་སུམ་ཚོགས་པའི་ བྱང་ཐིམ་ཕུག་གི་འཐུས་མི་སྦེ་ བཅའ་མར་གཏོགས་ནིའི་ གོ་སྐབས་བྱིན་ཡོདཔ་མ་གཏོགས་ ཚོགས་པ་༢ མཉམ་བསྡོམས་འབད་ནིའི་ཐད་ཁར་ ལོ་རྒྱུས་ག་ནི་ཡང་ མེད་ཟེར་ཨིན་པས།
དེ་འབདཝ་ད་ ལི་ལི་དབང་ཕྱུག་གིས་ མོ་གི་ཚོགས་པ་དེ་ ཆ་མེད་སོང་བའི་ཤུལ་ལས་ བརྡ་བརྒྱུདཔ་ཚུ་ལུ་ སླབ་མིའི་ནང་ སྲིད་ཚོགས་༢ མཉམ་བསྡོམས་འབད་ཡི་ཟེར་ཨིན་པས།
འབྲུག་སྤྱིར་དབང་ཚོགས་པ་དེ་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ སྤྱི་ཟླ་༢ པའི་ཚེས་༢༦ ལུ་ སྲིད་དོན་ཚོགས་པའི་གྲས་ལས་ ཕྱིར་བཏོན་འབད་བའི་ཤུལ་ལས་ ལི་ལི་དབང་ཕྱུག་དེ་ འབྲུག་ཕུན་སུམ་ཚོགས་པའི་ བྱང་ཐིམ་ཕུག་གི་འཐུས་མི་སྦེ་ ཐོ་བཀོད་འབད་ནུག།
འབྲུག་ཕུན་སུམ་ཚོགས་པའི་གནས་ཚུལ་ གསར་བཏོན་ནང་ ལི་ལི་དབང་ཕྱུག་དང་ མོ་གི་མཉམ་རོགས་ལ་ལོ་ཅིག་ ཚོགས་པ་དེ་ནང་འཛུལ་ནིའི་ སྤྲོ་བ་བསྐྱེད་པ་ཅིན་ ཧེ་མ་ར་ ཚོགས་པ་དེ་ ཆ་མེད་གཏང་དགོཔ་མ་ཚད་ ཚོགས་པའི་ཁྱད་ཆོས་དང་ ལམ་ལུགས་དང་བསྟུན་དགོ་ཟེར་བཀོད་ནུག།
འབྲུག་ཕུན་སུམ་ཚོགས་པ་གིས་འབད་བ་ཅིན་ འབྲུག་སྤྱིར་དབང་ཚོགས་པ་ ཆ་མེད་སོང་བའི་ཤུལ་ལས་ ལི་ལི་དབང་ཕྱུག་མ་གཏོགས་ འཛུལ་ནིའི་སྤྲོ་བ་བསྐྱེད་མི་གཞན་ མ་ཐོན་མ་ཚད་ འབྲུག་ཕུན་སུམ་ཚོགས་པའི་ཧོངས་ལས་ཡང་ ཁོང་ཆ་ཁྱབ་ འཛུལ་དགོཔ་སྦེ་ མ་སླབ་ཟེར་ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

 

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *