༉ གནམ་བྱཱར་གྱི་ཆར་ཆུ་དང་ གནམ་གཤིས་གནས་སྟངས་ རྩུབ་དྲགས་ཡོད་པའི་ཁར་ ཁ་འབགཔ་ཚུ་གི་ གདམ་ཁ་ཚད་གཅིག་ལས་ མེད་མི་ལུ་བརྟེན་ མགར་ས་དང་ ལ་ཡའི་བར་ན་ ཞིང་ལམ་སེལ་ནི་དེ་ ཡུན་འགྱངས་ལུསཔ་ཨིན་པས།
སྤྱི་ལོ་༢༠༡༤ ལས་སེལ་ནི་ འགོ་བཙུགས་མི་ རིང་ཚད་ཀི་ལོ་མི་ཊར་༤༥ འབད་མི་ ཞིང་ལམ་དེ་ ད་ཚུན་ ཀི་ལོ་མི་ཊར་༢༥ དེ་ཅིག་འབདཝ་ད་ བརྒྱ་ཆ་ལས་༥༥ རྐྱངམ་གཅིག་ སེལ་ཚར་ནུག།
མགར་ས་རྫོང་ཁག་གིས་ ད་ལྟོ་ཚུན་ ལམ་སེལ་གྱི་ལཱ་དེ་ནང་ ཟད་འགྲོ་དངུལ་ཀྲམ་ས་ཡ་༣ དེ་ཅིག་ བཏང་ཡོདཔ་ད་ ས་རུད་དང་ ཆུ་རུད་ཀྱིས་ ལམ་སུབས་མི་དེ་ སེལ་ནིའི་ནང་ རྫོང་ཁག་གིས་ གནམ་བྱཱར་ཨ་རྟག་ར་ དངུལ་ཀྲམ་འབུམ་༥ དེ་རེ་ ཟད་འགྲོ་བཏངམ་བཞིན་དུ་ ཞིང་ལམ་དེ་ ད་རིས་ཀྱི་ རྩིས་ལོ་ནང་ སེལ་ཚར་ནིའི་ འཆར་གཞི་ཡོདཔ་ཨིན་པས།
ད་རུང་ ཞིང་ལམ་སེལ་ཚརཝ་འབད་ནི་དེ་ སྲིད་ཚོགས་༤ གི་ འདེམས་ངོ་ཚུ་གི་ གྲོས་གཞི་ནང་ ཡོདཔ་མ་ཚད་ ལ་ཡ་སློབ་གྲྭ་དང་ གསོ་བའི་མཐུན་རྐྱེན་ཚུ་ རྒྱ་སྐྱེད་འབད་ནིའི་ ཁས་བླངས་ཡང་ ཅོག་འཐདཔ་འབདཝ་ཨིན་པས།
འབྲུག་ཀུན་མཉམ་ཚོགས་པའི་འདེམས་ངོ་ དམ་ཆོས་བཟང་མོ་གིས་ མི་སེར་གྱིས་ བློ་གཏད་ཚུགསཔ་དང་ ཁོང་ལུ་ ཕན་ཐོགས་པའི་ ཁས་བླངས་ཚུ་ འབད་དགོཔ་དེ་ གལ་ཆེ་ཟེར་ བཤད་པའི་ཁར་ ལ་ཡ་སློབ་གྲྭ་ལྟེ་བའི་ རྟེན་གཞི་ཡར་དྲག་གཏང་ནི་དང་ མི་སྡེའི་ནང་ སློབ་གྲྭ་ལས་ཐོན་སྡོད་མིའི་ དཀའ་ངལ་སེལ་ཐབས་ལུ་ རྩེད་རིགས་དང་ བརྡ་དོན་འཕྲུལ་རིག་གི་ མཐུན་རྐྱེན་ཚུ་ མཁོ་སྤྲོད་འབད་ནི་ཟེར་ བཤདཔ་ཨིན་པས།
ད་རུང་ གཙང་སྦྲ་དང་ གཟུགས་ཁམས་འཕྲོད་བསྟེན་ ཡར་དྲག་གཏང་ཐབས་ལུ་ ལ་ཡ་གཞི་རྟེན་སྨན་ཁང་ནང་ ཁོང་དཔྱད་འཕྲུལ་ཆས་ ཨཱལ་ཊ་ས་འུནཌ་དང་ གློག་པར་འཕྲུལ་ཆས་ཀྱི་ མཐུན་རྐྱེན་འཐོབ་ཚུགས་བཟོ་ནི་ ལྟ་བཤལ་གོང་འཕེལ་གཏང་ནི་དང་ ཚོང་འབྲེལ་གྱི་ གོ་སྐབས་ལེགས་ཤོམ་བཟོ་ནི་ ལཱ་གཡོག་གི་ གོ་སྐབས་མངམ་བཟོ་ནི་ སྔར་སྲོལ་ལམ་ལུགས་གོང་འཕེལ་གཏང་ནི་ཚུ་ འབྲུག་ཀུན་མཉམ་ཚོགས་པའི་ ཁས་བླངས་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ བཅོ་ལྔ་ཟླ་བ་གིས་ མི་སེར་ཚུ་ལུ་ ཚོགས་པ་དེ་ བཙག་འཐུ་འགྲུབ་པ་ཅིན་ འདེམས་ཁོངས་ནང་ གོང་འཕེལ་ག་ཅི་བཟུམ་ འབག་འོང་ནི་ཨིན་ན་ བཤད་བྱིན་དགོཔ་དེ་ གལ་ཆེ་ཟེར་ བཤད་པའི་ཁར་ ཚོགས་པའི་གཙོ་རིམ་དང་པ་ར་ མི་སྡེ་ལུ་ ཁག་ཆེ་བའི་ མགར་ས་དང་ ལ་ཡའི་བར་ན་ ཞིང་ལམ་སེལ་ནི་དེ་ཨིན་ཟེར་ བཤདཔ་ཨིན་པས།
ལ་ཡ་ལུ་ གློག་མེ་དེ་ ལོ་༢ ཀྱི་ཧེ་མ་ལས་ ལྷོདཔ་ཨིན་རུང་ གློག་མེ་ཤི་བའི་ དཀའ་ངལ་འཕྲལ་འཕྲལ་ར་ འབྱུང་ནི་ཡོདཔ་ལས་ འབྲུག་ཕུན་སུམ་ཚོགས་པ་གིས་ གློག་མེ་རྒྱུན་བརྟན་སྦེ་ བཀྲམ་སྤེལ་འབད་ནི་དང་ གསོ་བའི་མཐུན་རྐྱེན་དང་ ཞབས་ཏོག་ཚུ་ ཡར་དྲག་གཏང་ནི་གི་ དམིགས་གཏད་བསྐྱེདཔ་ཨིན་པས།
ད་རུང་ སློབ་གྲྭ་ནང་ལས་ ཐོན་སྡོད་མི་ ན་གཞོན་ཚུ་ལུ་ ལཱ་གཡོག་བྱིན་ཐབས་ལུ་ ལྟ་བཤལ་ཡར་དྲག་གཏང་ནི་དང་ རང་བཞིན་ཐོན་སྐྱེད་ཡར་སེང་འབད་ནི་སྦེ་ འདེམས་ངོ་གིས་ ཁས་བླངས་འབདཝ་ཨིན་པས།
འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་ བསྟན་འཛིན་གྱིས་ སླབ་མིའི་ནང་ རྒྱལ་ཁབ་ཀྱི་ རྒེད་འོག་ལྟེ་བའི་ལམ་མང་ཤོས་ར་ རྩི་ནག་བཏང་ཡོདཔ་ཨིན་རུང་ ཁོང་གི་འདེམས་ཁོངས་ནང་ རྒེད་འོག་ལྟེ་བའི་ ལམ་ར་མེད་ཟེར་ཨིནམ་ད་ ལམ་ཀི་ལོ་མི་ཊར་༢༥ སེལ་ཚར་ཡོདཔ་ཨིན་རུང་ ང་བཅས་ར་ མགར་ས་ལས་ ལམ་འགྲུལ་འབད་དགོཔ་མ་ཚད་ དམངས་གཙོའི་རིང་ལུགས་ གཞི་བཙུགས་འབད་དེ་ ལོ་༡༠ ཡར་སོ་རུང་ རྫོང་ཁག་གི་ འཁོར་ལམ་རྩི་ནག་ལེགས་ཤོམ་སྦེ་ མ་བཏང་པར་འདུག་ཟེར་ ཁོ་གིས་ བཤདཔ་ཨིན་པས།
བསྟན་འཛིན་གྱིས་ རྡོ་རྡོ་ཕུག་ལས་ ལུང་ནག་ནང་ཚུན་ འཁོར་ལམ་སེལ་ནིའི་ ཁས་བླངས་འབད་ཡོདཔ་མ་ཚད་ ཚོགས་པ་གིས་ རྫོང་ཁག་གི་ ཁྲོམ་གསར་པའི་ འཆར་གཞི་གོང་འཕེལ་དང་ ཁྲོམ་གྱི་ཚོང་འབྲེལ་ཡར་དྲག་གཏང་ནིའི་དོན་ལུ་ གླིང་བཞི་ཁ་ཐུག་ལུ་ ལ་བཤལ་པའི་ ལམ་གསརཔ་ སྒོ་ཕྱེ་ནི་ལུ་ རྒྱབ་སྐྱོར་འབད་འོང་ཟེར་ བཤདཔ་ཨིན་པས།
ལ་ཡ་སློབ་གྲྭ་ལྟེ་བ་ སྤོ་སོར་དང་ བརྒྱ་སྐྱེད་འབད་ནི་ ལུང་སྒོ་སྤྱི་འོག་ནང་ སྨན་ཁང་ཆུང་བ་གཞི་བཙུགས་འབད་ནི་ དེ་ལས་ ལ་ཁའི་མི་སེར་ཚུ་གི་ འཚོ་བའི་གནས་སྟངས་ཡར་དྲག་གཏང་ནིའི་ འཆར་གཞི་བརྩམ་ནི་ཚུ་ མཉམ་རུབ་ཚོགས་པའི་ ཁས་བླངས་ཨིན་པས།
མི་སེར་དམངས་གཙོ་ཚོགས་པ་གིས་ཡང་ མགར་ས་དང་ལ་ཡའི་ ཞིང་ལམ་དེ་ འཕྲོ་མཐུད་དེ་ར་ སེལ་ནི་དང་ ལ་ཡ་སློབ་གྲྭ་ལྟེ་བ་ རྒྱ་སྐྱེད་འབད་ནི་ དེ་ལས་ གཞི་རྟེན་སྨན་ཁང་གསརཔ་རྐྱབ་ནིའི་ ཁས་བླངས་འབད་ཡོདཔ་ད་ འདེམས་ངོ་དམ་ཆོས་རྡོ་རྗེ་གིས་ ལ་ཡ་ཚུན་ ཞིང་ལམ་སེལ་ནིའི་ ཁས་བླངས་དེ་ ཧེ་མ་ཡང་ འབད་ཡོད་རུང་ ལམ་དེ་ བྱག་གུ་གཟར་དྲགས་ཀྱི་ སྐེད་པ་ལས་ སེལ་དགོ་ནི་དེ་གིས་ ཁ་འབགཔ་གིས་ ལོ་༡ ནང་ ལམ་ཀི་ལོ་མི་ཊར་༡༠ དེ་ཅིག་ཡང་ སེལ་མི་ཚུགས་པས་ཟེར་ བཤད་པའི་ཁར་ ཁོང་གིས་ ད་ལྟོ་ ལམ་ཀི་ལོ་མི་ཊར་༢༧ དེ་ཅིག་ སེལ་མིའི་ནང་ ཟད་འགྲོ་དངུལ་ཀྲམ་ས་ཡ་༧༠ དེ་ཅིག་ བཏང་ཡི་ཟེར་ བཤདཔ་ཨིན་པས།
ཚོགས་པ་གིས་ ལ་མཐོ་སར་དང་ གྲོང་གཡུས་ཀྱི་ མི་སྡེ་དང་འབྲེལ་བའི་ ཁས་བླངས་འབད་མི་ཚུ་ནང་ རྒྱལ་ཡོངས་ལ་ཁ་མཐོ་སའི་ གོང་འཕེལ་ལས་རིམ་དང་ རྒེད་འོག་རེ་ལས་ ཐོན་ཁུངས་རེའི་ལས་རིམ་ འབྲུག་ཚོང་འབྲེལ་གཞི་བཙུགས་དང་ ལྟ་བཤལ་གོང་འཕེལ་ འབྲུག་རང་བཞིན་ཐོན་སྐྱེད་ གྲོང་གསེབ་ཚོང་འབྲེལ་ལས་རིམ་ ལ་སོགས་པ་ཚུ་ གཙོ་རིམ་བཟུང་ནི་ཨིན་པའི་གནས་ཚུལ།
སྐད་སྒྱུར་ ཉིམ་རྡོ་རྗེ།