སྲིད་ཚོགས་ཀྱི་རྒྱབ་སྐྱོར་པ་ཚུ་གིས་ བདེན་མིན་འཐོར་གཏམ་ ཁྱབ་སྤེལ་བཏང་དོ་ཡོདཔ།

༉ འདས་པའི་བཙག་འཐུ་ཐེངས་གཉིས་ཆ་རའི་ནང་ གཡུས་ཁ་ལས་ཕར་ སྲིད་དོན་ཚོགས་པའི་ ཚོགས་པ་ཚུ་ དགོ་དང་མི་དགོ་གི་སྐོར་ལས་ རྩོད་བསྡུར་བྱུང་ཡོདཔ་ཨིན་པས།
ཨིན་རུང་ སྤྱིར་བཏང་བཙག་འཐུ་ འགོ་བཙུགས་རན་མི་དང་བསྟུན་ ཚོགས་པ་དགོ་དང་མི་དགོ་གི་སྐོར་ལས་ ལོ་རྒྱུས་ཚུ་ ཐོན་དོ་ཡོདཔ་ཨིན་པས།
བཀྲིས་སྒང་རྫོང་ཁག་གི་ འབྲུག་མཉམ་རུབ་ཚོགས་པའི་མཉམ་འབྲེལ་བ་གིས་ འབྲུག་ཕུན་སུམ་ཚོགས་པའི་ སྦིས་དུང་རྒེད་འོག་གི་ སྲིད་ཚོགས་ཀྱི་ ཚོགས་པ་གིས་ འབྲུག་མཉམ་རུབ་ཚོགས་པའི་ མི་མང་ཞལ་འཛོམས་ཚུ་ནང་ བཅའ་མར་གཏོགས་མ་དགོཔ་སྦེ་ དྲན་བསྐུལ་འབད་ནུག་ཟེར་བའི་ ཁ་ཉེས་བཀལ་ཡོདཔ་ཨིན་པས།
འབྲུག་མཉམ་རུབ་ཚོགས་པའི་གཙོ་འཛིན་ བློ་གྲོས་ཚེ་རིང་གིས་ སྦིས་དུང་གི་ མི་ཚུ་དང་གཅིག་ཁར་ སྤྱི་ཟླ་༩ པའི་ཚེས་༢༩ ལུ་ ཞལ་འཛོམས་འཚོགས་པའི་སྐབས་ མི་༨༠ དེ་ཅིག་གིས་ འཛོམས་ཡོད་རུང་ ཚོགས་པའི་ལཱ་འབད་མི་ཚུ་གིས་འབད་བ་ཅིན་ བཅའ་མར་གཏོགས་མིའི་གྱངས་ཁ་དེ་ དེ་བ་མངམ་སྦེ་ ཐོན་ཐོནམ་འོང་ཟེར་ཨིན་པས།
འབྲུག་མཉམ་རུབ་ཚོགས་པའི་ལཱ་འབད་མི་ ཨོ་རྒྱན་དབང་མོ་གིས་ བཤད་མིའི་ནང་ ཞལ་འཛོམས་འཚོགས་པའི་ཕྱི་རུ་ འབྲུག་ཕུན་སུམ་ཚོགས་པའི་ རྒེད་འོག་མཉམ་འབྲེལ་བ་དང་ ཁོ་རའི་ཆ་རོགས་གཉིས་ཀྱིས་ རྒེད་འོག་དེ་གི་ ཁྱིམ་གུང་ག་རའི་ནང་བཤལ་ཏེ་ ཞལ་འཛོམས་ནང་ བཅའ་མར་མ་གཏོགས་ཟེར་ སླབ་ནུག་ཟེར་ཨིན་པས།
གཙོ་འཛིན་གྱི་ཞལ་འཛོམས་ མ་འཚོགས་པའི་ཉིནམ་གཅིག་གི་ཧེ་མར་ རྒེད་འོག་ནང་ བཅའ་སྒྲིག་རྐྱབ་པར་འགྱོ་བའི་སྐབས་ མི་སེར་ལ་ལོ་ཅིག་གིས་ ཞལ་འཛོམས་དེ་ ཆ་མེད་སོང་ཡི་ཟེར་བའི་ བརྡ་སླབ་མི་ཐོན་ཡི་ཟེར་ཨིནམ་ད་ མོ་གིས་སླབ་མིའི་ནང་ འབྲུག་ཕུན་སུམ་ཚོགས་པའི་ རྒྱབ་སྐྱོར་པའི་ལཱ་འབད་མི་ཚུ་གིས་ མ་བདེན་པའི་གཏམ་ཚུ་ དར་ཁྱབ་གཏང་ནུག་ཟེར་ཨིན་པས།
ཨོ་རྒྱན་དབང་མོ་གིས་ བཤད་མིའི་ནང་ གནད་དོན་དེའི་སྐོར་ལས་ མོ་གིས་ རྫོང་ཁག་ངོས་ལེན་འགོ་དཔོན་ལུ་ སྙན་ཞུ་འབད་དེ་ ཞལ་འཛོམས་འཚོགས་པའི་སྐབས་ མི་ཚུ་སྤུངས་འཛོམས་འབད་ཚུགས་ཡི་ཟེར་ཨིནམ་ད་ ང་བཅས་ཀྱིས་ གནད་དོན་དེ་གི་ཐོག་ལུ་ ལོ་རྒྱུས་སྦོམ་བཟོ་དགོ་པའི་གནད་དོན་མེད་རུང་ མི་མང་ལུ་ དེ་བཟུམ་འབད་ནི་དེ་ བདེན་པ་ཅིག་ མི་མཐོང་པས་ཟེར་ཨིནམ་ད་ མོ་གིས་སླབ་མིའི་ནང་ དེ་བཟུམ་མའི་ ཞལ་འཛོམས་ཚུ་ནང་ ཧེང་སྐལ་ར་ བཅའ་མར་གཏོགས་ནིའི་དོན་ལུ་ སྐུལ་མ་འབད་དགོ་ཟེར་ཨིན་པས།
ཚོགས་པ་ག་ལུ་རྒྱབ་སྐྱོར་འབད་ནི་ཨིན་ན་དེ་ མི་མང་ལུ་ རག་ལས་དགོ་ཟེར་ མོ་གིས་བཤད་པའི་ཁར་ བར་མཚམས་གཤོང་ཕུག་འདེམས་ཁོངས་ཀྱི་ ངོས་ལེན་འགོ་དཔོན་གྱིས་ གནད་དོན་དེ་ལུ་ དོན་དག་སྦོམ་ཅིག་ མ་མཐོང་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ འདེམས་ངོའི་ངོ་སྤྲོད་དང་ ཚོགས་པའི་མཉམ་འབྲེལ་བ་ཚུ་དང་ཕྱད་པའི་སྐབས་ མི་མང་ལུ་ ཞལ་འཛོམས་ཚུ་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ རྒྱུད་བསྐུལ་ཚུ་ འབད་མ་ཆོག་པའི་སྐོར་ བཤད་བྱིན་ཡི་ཟེར་ཨིན་པས།
གནད་དོན་དེའི་སྐོར་ལས་ ངོས་ལེན་འགོ་དཔོན་གྱི་ ཡིག་ཚང་ལུ་ ཡིག་ཐོག་ ཉོགས་བཤད་ཚུ་མ་བཀོད་པའི་ཁར་ འདེམས་ཁོངས་དེ་གི་ འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་ བསྟན་འཛིན་ལེགས་འཕེལ་གྱིས་ བཤད་མིའི་ནང་ གནད་དོན་དེ་ཚུ་ ཚོགས་པ་གིས་ གདན་དོན་སྦོམ་བཟོ་ནིའི་ རེ་བ་མེད་ཟེར་ཨིན་པས།
ང་བཅས་ཀྱིས་ བཙག་འཐུ་ལྷན་ཚོགས་ཡིག་ཚང་ལུ་ཡང་ གནད་དོན་དེའི་སྐོར་ལས་ ཉོགས་བཤད་ཡང་ མི་བཙུགས་ཟེར་ཨིན་རུང་ ཚོགས་པའི་ལཱ་འབད་མི་ཚུ་གིས་ དེ་བཟུམ་འབད་ནི་ལས་ འཛེམ་དགོ་ཟེར་ཨིན་པས།
ཁོ་གིས་བཤད་མིའི་ནང་ དེ་བཟུམ་མའི་བྱ་བ་ཚུ་ ལྟ་རྟོག་མ་འབད་བ་ཅིན་ དཔེ་ངན་སྟོན་ནི་ཨིནམ་ལས་ རྒྱལ་ཁབ་ནང་ དེ་བཟུམ་མའི་བྱ་བ་ཚུ་གིས་ གནོད་པ་སྦོམ་རྐྱབ་འོང་ཟེར་ཨིན་པས།
ང་བཅས་ཀྱི་གཙོ་འཛིན་གྱིས་ རྫོང་ཁག་གཞན་ཚུ་ནང་ཡང་ ཞལ་འཛོམས་དོན་ལུ་ འགྱོ་ནི་འགོ་བཙུགས་ཡོདཔ་ལས་ དེ་བཟུམ་མའི་བྱ་ངན་འབད་མི་ཚུ་ ཐོན་ནིའི་ རེ་བ་མེད་ཟེར་ཨིན་པས།
འདེམས་ཁོངས་དེ་གི་ འབྲུག་ཕུན་སུམ་ཚོགས་པའི་མཉམ་འབྲེལ་བ་ ཀརྨ་གིས་འབད་བ་ཅིན་ ཁོ་གིས་ དེ་བཟུམ་མའི་ ལོ་རྒྱུས་ཐོན་ཡོད་པའི་སྐོར་ལས་ མ་གོ་ཟེར་ཨིནམ་ད་ ཁོ་གིས་འབད་བ་ཅིན་ མི་ཚུ་ལུ་ ཚོགས་པ་ག་གི་ཞལ་འཛོམས་ཨིན་རུང་ བཅའ་མར་གཏོགས་དགོཔ་སྦེ་ར་ སླབ་སྟེ་ཡོད་ཟེར་ཨིན་པས།
ཚོགས་པ་ཚུ་གི་ ཁས་བླངས་ཚུ་ལུ་ ཉན་པའི་ཤུལ་ལས་ ཚོགས་པ་ག་གདམ་ཁ་རྐྱབ་ནི་ཨིན་ན་ མི་སེར་ཚུ་གི་ དབང་ཆ་ཨིན་མས་ཟེར་ ཀརྨ་གིས་བཤད་པའི་ཁར་ སྐྱེས་ལོ་༥༠ ལང་མི་ མཉམ་འབྲེལ་བ་གིས་འབད་བ་ཅིན་ ཁོ་ལུ་ ཁ་ཉེས་འབད་མི་དེ་ མི་བདེན་ཟེར་ཨིནམ་ད་ ཁོ་གིས་ དེ་བཟུམ་མའི་བྱ་ངན་ནང་ གྲལ་གཏོགས་འབད་ནི་མེད་ཟེར་ཨིན་པས།
ང་གིས་ དེ་བཟུམ་མའི་ བྱ་ངན་ནང་ གྲལ་གཏོགས་འབད་དེ་མེད་པའི་ཁར་ མ་འོངས་པའི་ནང་ཡང་ མི་འབད་ཟེར་ ཀརྨ་གིས་བཤདཔ་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་ རྫོང་ཁག་མཉམ་འབྲེལ་བ་ མགོན་པོ་གིས་ སླབ་མིའི་ནང་ ཁོ་གིས་ཡང་ གནད་དོན་དེའི་སྐོར་ལས་ མ་གོ་ཟེར་ཨིནམ་ད་ ང་བཅས་ཀྱིས་ ཤེས་མི་དང་འཁྲིལ་བ་ཅིན་ ཚོགས་པའི་རྒྱབ་སྐྱོར་པ་ཚུ་གིས་ ཚོགས་པ་ག་གི་ཞལ་འཛོམས་ཨིན་རུང་ བཀག་ཆ་འབད་དགོཔ་སྦེ་ སླབ་སྟེ་མེད་ཟེར་ཨིན་པས།
ཨིན་རུང་ བཀྲིས་སྒང་དང་ བཀང་ལུང་གི་མི་ཚུ་གིས་ སླབ་མིའི་ནང་ ཚོགས་པའི་ལཱ་འབད་མི་ཚུ་གིས་ བརྡ་དོན་ཚུ་བདེན་པ་སྦེ་ མ་སྤྲོད་ནི་དེ་གིས་ ཚོགས་རྒྱན་བཙུགས་མི་ཚུ་ མགུ་འཐོམ་བཅུགཔ་མས་ཟེར་ཨིན་པས།
ཚོགས་པའི་ལཱ་འབད་མི་ཚུ་ ཚོགས་པའི་སྐོར་ལས་ བརྡ་དོན་ཚུ་སྤྲོད་ནིའི་ འགན་ཁུར་སྤྲོད་དེ་ཡོདཔ་ཨིན་རུང་ རྒེད་འོག་དང་ གཡུས་ཚན་ཚུ་ནང་ལས་ཕར་ བྱ་སྟབས་མ་བདེཝ་བཟོ་མི་ར་ ཚོགས་པའི་ལཱ་འབད་མི་ཚུ་ཨིནམ་སྦེ་ མཐོང་ཡོདཔ་ཨིན་པས།
བཀང་ལུང་ལུ་སྡོད་མི་ཅིག་གིས་ སླབ་མིའི་ནང་ ཚོགས་པ་གི་ལཱ་འབད་མི་ཚུ་གིས་ མ་བདེན་པའི་ལོ་རྒྱུས་ཚུ་ དར་ཁྱབ་གཏང་ནི་འདུག་ཟེར་ཨིནམ་ལས་ དེ་བཟུམ་མའི་བྱ་ངན་དེ་ དམངས་གཙོའི་རིང་ལུགས་ནང་ ལེགས་ཤོམ་ཅིག་སྦེ་ མི་མཐོང་པས་ཟེར་ཨིན་པས།
བཀྲིས་སྒང་ལུ་སྡོད་མི་ཅིག་གིས་ བཤད་མིའི་ནང་ ཚོགས་པའི་ལཱ་འབད་མི་ལ་ལོ་ཅིག་ བཙག་འཐུ་ལྷན་ཚོགས་དང་གཅིག་ཁར་ གཞུང་འབྲེལ་དུ་ ཐོ་བཀོད་མ་འབད་མི་ཚུ་ཡང་ འདུག་ཟེར་ཨིནམ་ད་ དཀའ་ངལ་བཟོ་མི་དེ་ དེ་ཚུ་ཨིན་མས་ཟེར་བཤད་ཅི།
རྫོང་ཁག་དེ་ནང་ འབྲུག་ཕུན་སུམ་ཚོགས་པའི་ ལཱ་འབད་མི་དང་ མཉམ་འབྲེལ་བ་བསྡོམས་༢༡ ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *