སྤྱི་ཟླ་༨ པའི་ཚེས་༢༧ ལུ་ བཙན་མཁར་-སྨན་སྦིས་འདེམས་ཁོངས་ཀྱི་ སྤྱིར་སྙོམས་འཛོམས་འདུ་ནང་འོང་མི་ མི་སེར་ཚུ།

སྲིད་ཚོགས་༤ ཆ་ར་གིས་ ཤིང་མཁར་- སྒོར་གཱན་གྱི་ འཁོར་ལམ་སེལ་ནིའི་ ཁས་བླངས་འབད་ཡོདཔ།

༉ འདས་པའི་བཙག་འཐུ་༢ ནང་བཟུམ་སྦེ་ ལྷུན་རྩེ་ལུ་ སྲིད་དོན་ཚོགས་པ་༤ གིས་ ཤིང་མཁར་དང་ སྒོར་གཱན་བར་ནའི་ ལམ་སེལ་ནི་དེ་ གཙོ་རིམ་ཅན་ཅིག་ཨིནམ་སྦེ་ ཁས་བླངས་འབདཝ་ཨིན་པས།
སྒོར་གཱན་ལས་ ཤིང་མཁར་ཨུ་ར་ཚུན་ ཀི་ལོ་མི་ཊར་༥༦ ཡོད་མི་ལས་ ད་ཚུན་ ཀི་ལོ་མི་ཊར་༢༠ དེ་ཅིག་ སེལ་ཚར་ཏེ་ཡོདཔ་ཨིན་པས།
ལྷག་ལུས་ཀི་ལོ་མི་ཊར་༣༦ འབད་མི་དེ་ སེལ་མ་ཚུགས་པར་ ལུས་མི་དེ་ཡང་ འཁོར་ལམ་དེ་ སྲུང་སྐྱོབ་ས་ཁོངས་ཀྱི་ ས་གནས་གཙོ་ཅན་བརྒྱུད་དེ་ སེལ་དགོཔ་ལས་ རྒྱལ་ཡོངས་མཐའ་འཁོར་གནས་སྟངས་ལྷན་ཚོགས་ཀྱིས་ མཐའ་འཁོར་གནས་སྟངས་ཀྱི་ ཉོགས་མེད་གནང་བ་ མ་བྱིན་ནི་དེ་གིས་ཨིན་པས།
འབྲུག་ཀུན་མཉམ་ཚོགས་པའི་ འདེམས་ངོ་གིས་ སླབ་མིའི་ནང་ ཚོགས་པའི་གཙོ་རིམ་དང་པ་དེ་ར་ ལྷག་ལུས་ལུས་མི་ འཁོར་ལམ་སེལ་ནི་དེ་ཨིནམ་ད་ ཁོ་གིས་འབད་བ་ཅིན་ འཁོར་ལམ་དེ་ ལྷུན་རྩེ་དང་ ཤར་ཕྱོགས་རྫོང་ཁག་གཞན་ཚུ་གི་ མི་སྡེ་དཔལ་འབྱོར་གོང་འཕེལ་གཏང་ཐབས་ལུ་ ཁག་ཆེ་ཤོས་ཅིག་ཨིན་རུང་ འདས་པའི་གཞུང་༢ ཀྱིས་ ཁས་བླངས་གྲུབ་མ་ཚུགས་ཟེར་ཨིན་པས།
གཞུང་སྐྱོང་ནིའི་ གོ་སྐབས་ཐོབ་པ་ཅིན་ ལོ་དང་པའི་ནང་ར་ མཐའ་འཁོར་གནས་སྟངས་ཀྱི་ སྲིད་བྱུས་དང་ སྒྲིག་གཞི་ཚུ་ བརྟག་ཞིབ་དང་ བསྐྱར་ཞིབ་འབད་ཞིནམ་ལས་ ལམ་སེལ་གྱི་ ལཱ་འགོ་བཙུགས་འོང་ཟེར་ འབྲུག་ཀུན་མཉམ་ཚོགས་པ་གིས་ བཤདཔ་ཨིན་པས།
འབྲུག་མཉམ་རུབ་ཚོགས་པ་གིས་འབད་བ་ཅིན་ ཤིང་མཁར་-སྒོར་གཱན་གྱི་ལམ་དེ་ སྲུང་སྐྱོབ་ས་ཁོངས་ནང་ལས་ཕར་སེལཝ་ད་ མཐའ་འཁོར་གནས་སྟངས་ལུ་ གནོད་པ་ག་དེ་ཉུང་ཉུང་ཐོག་ལས་ སེལ་འོང་ཟེར་ཨིནམ་ད་ ལམ་དེ་ འཕྲོ་མཐུད་སེལ་ནིའི་དོན་ལུ་ གཙོ་རིམ་དང་པའི་ནང་ བཞག་མི་དེ་ཡང་ ལྷུན་རྩེ་དང་ ཤར་ཕྱོགས་རྫོང་ཁག་ཚུ་གི་ མི་སེར་ཚུ་ལུ་ ཁག་ཆེ་མི་ལུ་བརྟེན་ཨིན་ཟེར་ བཤདཔ་ཨིན་པས།
མ་འོངས་ཡུན་རིང་གི་ ཕན་ཐབས་དང་ མི་སེར་གྱི་ རེ་འདོད་འགྲུབ་ཐབས་ལུ་ འབྲུག་མཉམ་རུབ་ཚོགས་པ་གིས་ ས་དོང་སྤེད་དེ་ ལམ་བཏོན་ནིའི་ འོས་འབབ་ཡོད་མེད་ བལྟ་འོང་ཟེར་ཨིན་པས།
འབྲུག་ཕུན་སུམ་ཚོགས་པ་གིས་ སླབ་མིའི་ནང་ ཁོང་གིས་ སྤྱི་ལོ་༢༠༠༨ ལས་༢༠༡༣ ཚུན་ གཞུང་སྐྱོང་གི་ གནས་ཡུན་དང་པའི་ནང་ ལམ་ཀི་ལོ་མི་ཊར་༢༠ འབད་མི་དེ་སེལ་ནི་ འགོ་བཙུགས་ཡོདཔ་ཨིན་རུང་ མི་སེར་དམངས་གཙོ་ཚོགས་པའི་གཞུང་གིས་ ཁོང་གི་གནས་ཡུན་སྐབས་ ལམ་འཕྲོ་མཐུད་ སེལ་མ་ཚུགས་ཟེར་ཨིན་པས།
མི་སེར་དམངས་གཙོ་ཚོགས་པ་གིས་འབད་བ་ཅིན་ འཁོར་ལས་སེལ་ནིའི་ ཉོགས་མེད་གནང་བ་དེ་ གྲ་སྒྲིག་ཡོདཔ་ལས་ གལ་སྲིད་ ཚོགས་པ་གིས་ ད་རུང་ མི་སེར་ཚུ་ལུ་ ཕྱག་ཞུ་ནི་གི་ གོ་སྐབས་འཐོབ་པ་ཅིན་ ལམ་སེལ་ནི་ འགོ་བཙུགས་འོང་ཟེར་ཨིན་པས།
ལྷུན་རྩེ་རྫོང་ཁག་གི་ རྒེད་འོག་༨ ནང་ འདེམས་ཁོངས་༢ ཡོདཔ་བཞིན་དུ་ སྒང་ཟུར་-སྨིན་རྒྱས་འདེམས་ཁོངས་ལས་ མི་སེར་དམངས་གཙོ་ཚོགས་པའི་ འདེམས་ངོ་སྦེ་ བསོད་ནམས་རྒྱ་མཚོ་དང་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ ཚེ་རིང་རྡོ་རྗེ་ འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་ ཀུན་དགའ་དཔལ་འབྱོར་ དེ་ལས་ འབྲུག་ཀུན་མཉམ་ཚོགས་པའི་ འདེམས་ངོ་སྦེ་ ཀརྨ་སྦྱིན་པ་ཡོདཔ་ཨིན་པས།
བཙན་མཁར་-སྨན་སྦིས་འདེམས་ཁོངས་ཀྱི་དོན་ལུ་ འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་ ཚེ་རིང་ཕུན་ཚོགས་དང་ འབྲུག་ཀུན་མཉམ་ཚོགས་པའི་འདེམས་ངོ་ ཤེས་རབ་ཕུན་ཚོགས་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ ཆོས་སྐྱིད་རྒྱལ་མཚན་ མི་སེར་དམངས་གཙོ་ཚོགས་པའི་ འདེམས་ངོ་ ཡེ་ཤེས་རྡོ་རྗེ་ཚུ་ ཡོདཔ་ཨིན་པའི་གནས་ཚུལ།

ལྷུན་རྩེ་ལས་ བཀྲིས་ཕུན་ཚོགས།

 

About admin

Check Also

སྐྱེས་ལོ་༡༢ ཡན་ཆད་འབད་མི་ བུམོ་ཅིག་གིས་ ཨ་ལོ་སྐྱེས་ཡོདཔ།

༉ སྐྱེས་ལོ་༡༢ ཡན་ཆད་འབད་མི་ བུམོ་ཅིག་གིས་ ཨ་ལོ་སྐྱེས་ཡོད་མི་དེ་ལུ་ ཐིམ་ཕུག་ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་ཤུལ་ལས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ སྙན་ཞུ་འབད་མི་དེ་ ད་རེས་ནངས་པར་ ཁྲིམས་འདུན་ལུ་ རྩོད་བཤེར་འབད་བའི་བསྒང་ཨིན་པས། དེ་ཡང་ བུམོ་ཅིག་གིས་ སྤྱི་ལོ་༢༠༢༢ …

Leave a Reply

Your email address will not be published. Required fields are marked *