སྲིད་ཚོགས་༤ གིས་ ལཱ་གཡོག་གི་སྲིད་བྱུས་ནང་ ན་གཞོན་ཚུ་ལུ་ གཙོ་རིམ་བཟུང་ནི།

༉ སྤྱི་ལོ་༢༠༡༨ ཀྱི་ རྒྱལ་ཡོངས་ཚོགས་འདུའི་བཙག་འཐུ་ནང་ སྲིད་དོན་ཚོགས་པ་ག་ར་གིས་ རང་སོའི་ཚོགས་པའི་ ཁས་བླངས་གསལ་བསྒྲགས་ནང་ ན་གཞོན་ཚུ་གི་ སྲིད་བྱུས་ཚུ་ལུ་ གཙོ་རིམ་བཟུང་སྟེ་འདུག།
རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་དང་འཁྲིལཝ་ད་ འབྲུག་རྒྱལ་ཁབ་ནང་ བརྒྱ་ཆ་༥༠ དེ་ཅིག་ སྐྱེས་ལོ་༢༧ མན་ཆད་འབད་མི་ ན་གཞོན་ཚུ་ཡོད་པའི་ཁར་ བརྒྱ་ཆ་༦༨ འཇོན་ཐངས་ཅན་གྱི་ མི་ཚུ་ཡོདཔ་ཨིན་པས།
གཞུང་གིས་ ན་གཞོན་ལཱ་གཡོག་མ་འཐོབ་པའི་ དཀའ་ངལ་བསལ་ནིའི་དོན་ལུ་ ལས་རིམ་སྣ་ཚོགས་བཟོ་ཡོད་རུང་ ན་གཞོན་ལཱ་གཡོག་མ་འཐོབ་པའི་ཚད་གཞི་དེ་ བརྒྱ་ཆ་༡༣.༣ ལུ་ ལྷོད་ཡོདཔ་ད་ ཁྲོམ་ཁར་ལཱ་གཡོག་མ་འཐོབ་པའི་ཚད་གཞི་དེ་ བརྒྱ་ཆ་༢༣.༣ ལུ་ ཡར་སེང་སོང་ནུག།
འཆར་གཞི་༡༢ པའི་ནང་ ན་གཞོན་ལཱ་གཡོག་འཚོལ་མི་གསརཔ་༦༣,༠༠༠ དེ་ཅིག་ འཐོན་ནི་བཟུམ་ཅིག་འདུག་ཟེར་ བཀོད་འཛིན་གྱིས་ བཀོད་ཡོདཔ་ད་ དེ་ཡང་ སྲིད་དོན་ཚོགས་༤ པོ་ཆ་ར་གིས་ རང་སོའི་ཚོགས་པའི་ ཁས་བླངས་གསལ་བསྒྲགས་ནང་ གནད་དོན་གཙོ་ཅན་ཅིག་སྦེ་ བཀོད་དེ་འདུག།
མི་སེར་དམངས་གཙོ་ཚོགས་པ།
མི་སེར་དམངས་གཙོ་ཚོགས་པའི་ ཁས་བླངས་གསལ་བསྒྲགས་ནང་ ལཱ་གཡོག་ག་ར་ལུ་ བྱིན་ཐབས་ལུ་ ལཱ་གཡོག་གོ་སྐབས་བཟོ་ནི་དེ་ གཙོ་རིམ་དང་པ་སྦེ་ བཀོད་དེ་ཡོདཔ་བཞིན་དུ་ འཆར་གཞི་༡༢ པའི་ནང་ ཚོགས་པ་དེ་གིས་ ལཱ་གཡོག་འཚོལ་མི་༦༦,༠༠༠ འོང་ནིའི་ ཚོད་རྩིས་བཏོན་ཡོདཔ་ལས་ གདོང་ལེན་འོང་ནི་ཨིན་རུང་ གོ་སྐབས་ཡང་ བཟོ་ཚུགས་ནི་མས་ཟེར་ཨིན་པས།
ཚོགས་པ་གིས་ ལོ་༥ ནང་ དཔལ་འབྱོར་གོང་འཕེལ་གཏང་ཐོག་ལས་ ལཱ་གཡོག་༡༠,༠༠༠ བཟོ་ནི་ལུ་ དམིགས་བསལ་གཙོ་རིམ་ ལས་རིམ་༡༡ བཟོ་ནི་ལུ་ ཁས་བླངས་འབད་ཡོདཔ་བཞིན་དུ་ གལ་སྲིད་ཚོགས་པ་གིས་ གཞུང་སྐྱོང་ནང་ གོ་སྐབས་འཐོབ་པ་ཅིན་ ན་གཞོན་ཚུ་ལུ་ ལོགས་སུ་སྦེ་ རྒྱབ་སྐྱོར་བྱིན་ནི་ལུ་ ཡིག་ཚང་ཅིག་ གཞི་བཙུགས་འབད་ནིའི་ ཁས་ལེན་འབད་ནུག།
ན་གཞོན་ག་ར་ ཕྱིའི་རྒྱལ་ཁབ་ནང་ འོས་འབབ་ལྡན་པའི་ ལཱ་གཡོག་བྱིན་ནི་ལུ་ ཁས་བླངས་འབད་ཡོད་པའི་ཁར་ རྒྱལ་ཁབ་ནང་འཁོད་ལུ་ཡང་ ལཱ་གཡོག་བཟོ་ནི་དང་ འཐུས་བྱིན་ཐོག་ལས་ འགོ་ཐོག་ལཱ་གཡོག་སྦྱོང་བརྡར་དང་ ལག་ཤེས་སྦྱོང་བརྡར་ ལས་རིམ་ཚུ་ བཟོ་ནི་ཨིན་པས།
མི་སེར་དམངས་གཙོ་ཚོགས་པ་གིས་ ན་གཞོན་ཚུ་གིས་ ལཱ་གཡོག་འཚོལ་ཏེ་ ལོ་༡ ལང་པ་ཅིན་ འཐུས་བྱིན་ནི་མ་ཚད་ ཐབས་ཤེས་བཏོན་ཐོག་ལས་ ལཱ་གཡོག་འཚོལ་ནི་ལུ་ རྒྱབ་སྐྱོར་བྱིན་ནིའི་ ཁས་བླངས་དེ་ སྤྱི་ལོ་༢༠༡༣ ལུ་ཡང་ འབད་ཡོད་རུང་ འགྲུབ་མ་ཚུགས་པས།
མི་སེར་དམངས་གཙོ་ཚོགས་པའི་གཞུང་གིས་ འདས་པའི་ལོ་ཚུ་ནང་ ཕྱི་རྒྱལ་ལཱ་གཡོག་ལས་རིམ་དེ་ ཞིབ་དཔྱད་འབད་ནིའི་གུ་ ལྷོད་ཡོད་རུང་ ཚོགས་པ་གིས་ རྒྱལ་སྤྱིའི་ལཱ་གཡོག་ལས་རིམ་དེ་ ལེགས་ཤོམ་སྦེ་ བསྐྱར་ཞིབ་འབད་དེ་ རྒྱལ་སྤྱིའི་ལས་མིའི་ ཚོང་ལམ་དང་ ལཱ་གཡོག་ལས་སྡེ་ཚུ་ནང་ མཉམ་འབྲེལ་ཐོག་ལས་ ན་གཞོན་ཚུ་ལུ་ དོན་སྨིན་ཅན་གྱི་ ལཱ་གཡོག་སྤྲོད་ནི་ལུ་ གཙོ་རིམ་བཟུང་ནི་ལུ་ ཁས་ལེན་འབད་དེ་འདུག།
རྒྱ་གར་དང་ ཇ་པཱན་བརྩིས་ཏེ་ ཕྱིའི་རྒྱལ་ཁབ་ནང་ ལཱ་འབད་མི་ མང་ཤོས་ཅིག་ར་ ལཱ་གི་གནས་སྟངས་དེ་ ལེགས་ཤོམ་མེད་མི་ལུ་བརྟེན་ ལོག་རྒྱལ་ཁབ་ནང་ འོང་སྟེ་ཡོདཔ་ཨིན་པས།
ཚོགས་པ་གིས་ དམིགས་བསལ་དུ་ རྒྱལ་ཁབ་ནང་ ལོག་འོང་མི་ཚུ་གི་ ན་གཞོན་ཚུ་གི་དོན་ལུ་ ལཱ་གཡོག་ཚུ་ བྱིན་ནི་ལུ་ རྒྱབ་སྐྱོར་འབད་ནི་ཨིནམ་ད་ ན་གཞོན་ག་ར་གིས་ ལཱ་གཡོག་འཐོབ་ནི་ལུ་ ངེས་བརྟན་བཟོ་ནི་ལུ་ ཐད་ཁར་ལཱ་གཡོག་ལས་རིམ་ བཟོ་ནི་ཨིན་ཟེར་ ཁས་བླངས་འབད་ནུག།
ཚོགས་པའི་ཁས་བླངས་ནང་ གྲོང་གསེབ་དང་ ཁྲོམ་གྱི་ས་གོ་ཚུ་ ཚོང་འབྲེལ་གཞི་བཙུགས་འབད་ནིའི་ལུ་ སྐྱེད་མར་ཕབ་ཐོག་ལས་ སྐྱིན་འགྲུལ་གྱི་ ཞབས་ཏོག་འབྱིན་ནི་ ཨིན་ཟེར་ཨིནམ་མ་ཚད་ ཚོང་འབྲེལ་ཆུང་བ་དང་ བར་མའི་ལས་འགུལ་ཚུ་ གཞི་བཙུགས་འབད་དེ་ རྫོང་ཁག་དང་ རྒེད་འོག་ཚུ་ནང་ ལཱ་གཡོག་གི་ གོ་སྐབས་ཚུ་ བཟོ་ནི་ཨིན་པས།
དེ་མ་ཚད་ ཚོགས་པ་གིས་ སྒེར་སྡེ་ནང་ ལཱ་འབད་མི་ཚུ་གི་དོན་ལུ་ མི་སྡེ་ཉེན་སྐྱོབ་དང་ ཉེན་སྲུང་ཚུ་ ཡར་དྲག་གཏང་ནི་ལུ་ ཁས་བླངས་འབད་དེ་ཡོདཔ་མ་ཚད་ ཁོང་རའི་དངུལ་ཕོགས་ཚུ་ཡང་ རྒྱལ་ཡོངས་དགོངས་ཞུའི་ཟུར་ཕོགས་དང་ འཚོ་རྟེན་མ་དངུལ་གྱི་ཐབས་ལམ་ཡོདཔ་ བཟོ་ནི་ཨིན་པས།
དབང་པོ་སྐྱོན་ཅན་ཡོད་མི་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་དང་ སློབ་ཕྲུག་ཚུ་ལུ་ གཏན་འཁེལ་གྱི་ ལཱ་གཡོག་བྱིན་ནི་ལུ་ རྒྱབ་སྐྱོར་འབད་འོང་ཟེར་ ཚོགས་པའི་ཁས་བླངས་གསལ་བསྒྲགས་ནང་ བཀོད་ནུག།
འབྲུག་ཕུན་སུམ་ཚོགས་པ།
ཚོགས་པ་གིས་ ལཱ་གཡོག་གི་གོ་སྐབས་༡༢༠,༠༠ དེ་ཅིག་ བཟོ་ཐོག་ལས་ ལཱ་གཡོག་ཧྲིལ་བུམ་བྱིན་ནིའི་ ཁས་བླངས་འབད་བའི་ཁར་ གཏན་འཇགས་ལཱ་གཡོག་དང་ ལཱ་གཡོག་ལེགས་ཤོམ་གྱི་དོན་ལུ་ སྲིད་བྱུས་བཟོ་ནི་ ཁས་ལེན་འབད་ནུག།
ཚོགས་པ་གིས་ དཔལ་འབྱོར་ཡར་དྲག་གཏང་ནི་དང་ ལཱ་གཡོག་གི་ གོ་སྐབས་ལངམ་བཟོ་ཐབས་ལུ་ སྲིད་བྱུས་གོང་འཕེལ་གཏང་ནི་དང་ མི་སྟོབས་གོང་འཕེལ་གྱི་ སྲིད་བྱུས་ཡོངས་རྫོགས་སྦེ་བཟོ་ནི་ ལཱ་གཡོག་དང་ ལས་མི་བཅའ་ཁྲིམས་དང་ རྒྱལ་ཡོངས་ལཱ་གཡོག་གི་ སྲིད་བྱུས་བསྐྱར་ཞིབ་འབད་ནི་ལུ་ ཁས་ལེན་འབད་དེ་འདུག།
དེ་ལས་ ཚོགས་པ་གིས་ གློག་མེ་འཕྲུལ་ཁང་སྦོམ་༣ དང་ བཟོ་གྲྭ་འཕྲུལ་ཁང་༤ གཞི་བཙུགས་འབད་ནི་ དེ་ལས་ ལུང་ཕྱོགས་འདྲ་མཉམ་ཐོག་ལས་ བརྡ་དོན་གླིང་ག་ ཁ་སྐོང་རྐྱབ་ནི་མ་ཚད་ སོ་ནམ་དངུལ་ཁང་དང་ ཚོང་འབྲེལ་ དངུལ་ཁང་ཚུ་ཡང་ བཟོ་སྐྲུན་འབད་ནི་ལུ་ ཁས་བླངས་འབད་དེ་འདུག།
ལཱ་གཡོག་བཟོ་ཐབས་ལུ་ བརྡ་དོན་འཆར་གཞི་ཨམ་ གོང་འཕེལ་གཏང་ནིའི་དོན་ལུ་ གཙོ་རིམ་བཟུང་ནི་དང་ རྒྱལ་སྤྱིའི་དང་ ལུང་ཕྱོགས་ལས་མི་ དེ་ལས་ ལཱ་གཡོག་གཙུག་སྡེ་ཚུ་ནང་ འཐུས་མི་སྦེ་ འཛུལ་ནི་ལུ་ གཙོ་འཛིན་བཟུང་ནི་ཨིན་པས།
ཚོགས་པའི་ཁས་བླངས་གཞན་ཚུ་ཡང་ བཟོ་གྲྭ་ཆུང་བ་དང་ བར་མ་ དེ་ལས་ ཆེ་བ་ཚུ་ ལྷན་ཐབས་འབད་ནི་ལུ་ གཙོ་རིམ་བཟུང་ནི་དང་ ན་གཞོན་ཚུ་ལུ་ ལཱ་གཡོག་གི་ གོ་སྐབས་ཀྱི་དོན་ལུ་ སྒེར་སྡེ་དངུལ་འབྲེལ་དང་ དངུལ་འབྲེལ་སེམས་ཤུགས་ དེ་ལས་ ཁྲལ་དགོངས་ཡངས་ཀྱི་ རྒྱབ་སྐྱོར་ཚུ་ གནང་ནི་སྦེ་ ཁས་ལེན་འབད་ནུག།
ཚོགས་པ་གིས་ སྒེར་སྡེ་ནང་ ལཱ་གཡོག་བྱིན་མི་དང་ ལཱ་འབད་མི་༢ ཆ་རའི་དོན་ལུ་ འོས་མཐུན་སྲིད་བྱུས་དང་ སྒྲིག་གཞི་ཚུ་བཟོ་སྟེ་ ལཱ་གི་གནས་སྟངས་ཚུ་ ཡར་དྲག་གཏང་ནི་དང་ ན་གཞོན་ཚུ་གིས་ སྐྱིན་འགྲུལ་ཞུ་ནིའི་དོན་ལུ་ དངུལ་འབྲེལ་གྱི་ ཞབས་ཏོག་ཚུ་ འཇམ་ཏོང་ཏོ་བཟོ་ནི་ཨིན་པས།
ནང་འཁོད་རྒྱབ་སྐྱོར་ཞབས་ཏོག་ གཞི་བཙུགས་འབད་ཐོག་ལས་ ཞབས་ཏོག་དེ་ལུ་ ཁྱད་རིག་དང་ལྡནམ་སྦེ་ རྒྱབ་སྐྱོར་འབད་ནི་དང་ ན་གཞོན་ཚུ་ལུ་ ཚོང་འབྲེལ་རྒྱབ་སྐྱོར་དང་ གཟུགས་ཁམས་འཕྲོད་བསྟེན་ དེ་ལས་ འགོ་ཁྲིད་པའི་ སྦྱོང་བརྡར་ཚུ་ འབད་ནི་ལུ་ ཚོགས་པ་གིས་ ཁས་ལེན་འབད་དེ་འདུག།
འབྲུག་ཕུན་སུམ་ཚོགས་པ་གིས་ གནས་ཚད་དང་ལྡན་པའི་ ལཱ་གཡོག་བཟོ་ཐབས་ལུ་ ཕྱི་རྒྱལ་ལཱ་གཡོག་ སློབ་སྟོན་དང་ སྨན་གཡོགམ་ལ་སོགས་ སྲིད་བྱུས་དང་ སྒྲིག་གཞི་ཚུ་བཟོ་སྟེ་ ཡར་དྲག་དང་ རྒྱ་སྐྱེད་འབད་ནི་ཨིན་པས།
དེ་མ་ཚད་ ཨསི་ཊི་ལི་ཡ་དང་ ཇ་པཱན་ དེ་ལས་ ཀེ་ནི་ཌ་ལུ་ ཤེས་ཡོན་སྦྱང་མི་དང་ ལཱ་འབད་མི་ཚུ་གི་དོན་ལུ་ དགོས་མཁོ་དང་འཁྲིལ་ཏེ་ གསོག་འཇོག་མ་དངུལ་ཚུ་ བཏོན་དགོཔ་མི་དེ་ མར་ཕབ་འབད་ནི་ཨིནམ་ད་ ད་ལྟོ་ སློབ་དཔོན་དང་ སློབ་གྲྭ་ཁག་ལས་ཕར་ སློབ་ཕྲུག་བདག་འཛིན་པ་ ཚན་རིག་ལས་རོགསཔ་ རྩེད་རིགས་སློབ་སྟོན་པ་ ཞིབ་འཚོལ་འགོ་དཔོན་ དེ་ལས་ ཨ་ལོ་གཅེས་སྐྱོང་དང་ཡར་སྐྱེད་ལྟེ་བ་ བདག་འཛིན་པ་ཚུ་ལུ་ ཁག་འབག་ཐོག་ལུ་ཡོདཔ་ལས་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་དང་ གྲོས་བསྟུན་འབད་དེ་ གཏན་འཇགས་བཟོ་ནི་ཨིན་ཟེར་ ཚོགས་པ་གིས་ ཁས་བླངས་འབད་དེ་འདུག།
འབྲུག་ཀུན་མཉམ་ཚོགས་པ།
འབྲུག་ཀུན་མཉམ་ཚོགས་པ་གིས་ ང་བཅས་རའི་ ན་གཞོན་དང་ མ་འོངས་ཀྱི་དོན་ལུ་ རྒྱལ་ཡོངས་ན་གཞོན་སྲིད་བྱུས་བཟོ་ནི་དང་ ལས་འགུལ་དང་ ཚོང་གྲྭའི་གྲོས་འཆར་བཙུགས་ནི་ལུ་ བུ་ལོན་གྱི་ རྒྱབ་སྐྱོར་བྱིན་ནི་ ན་གཞོན་ཚུ་གིས་ ལཱ་གཡོག་གོ་སྐབས་ལེན་ནིའི་དོན་ལུ་ གནས་ཚད་ཅན་གྱི་ ཤེས་ཚད་དང་ རིག་རྩལ་གྱི་ འོས་འབབ་དང་འཁྲིལ་ཏེ་ རིག་རྩལ་བྱིན་ནི་ཨིན་པས།
དེ་མ་ཚད་ སློབ་གྲྭ་ནང་ལས་ ཐོན་སྡོད་མི་གྱངས་ཁ་ མར་ཕབ་འབད་ཐོག་ལས་ ན་གཞོན་ཚུ་ལུ་ གནས་ཚད་ཅན་གྱི་ ཤེས་ཡོན་བྱིན་ནི་དང་ ལཱ་གཡོག་ནང་ འཛུལ་ནིའི་དོན་ལུ་ ལཱ་གཡོག་གི་ གོ་སྐབས་ཡར་དྲག་གཏང་ནི་ སྒེར་སྡེ་གོང་འཕེལ་དང་ རྒྱ་སྐྱེད་གཏང་ནིའི་དོན་ལུ་ སྲིད་བྱུས་ཚུ་ ལྷན་ཐབས་འབད་ནི་ཨིན་པས།
འབྲུག་མཉམ་རུབ་ཚོགས་པ།
ཚོགས་པ་གིས་ ལཱ་གཡོག་བཟོ་ནི་དང་ འཚོ་བའི་གནས་སྟངས་ཀྱི་ གོ་སྐབས་བཟོ་ཐོག་ལས་ ལཱ་གཡོག་ལེགས་ཤོམ་འཐོབ་ནི་ལུ་ གཙོ་རིམ་བཟུང་ནི་ཨིནམ་ད་ ལཱ་གཡོག་ནང་ འཛུལ་ཞུགས་དང་ རྒྱལ་ཁབ་ནང་ ལཱ་གཡོག་འཛིན་སྐྱོང་གི་དོན་ལུ་ ལཱ་གཡོག་དང་ འཚོ་བའི་མཉམ་འབྲེལ་ གཞི་བཙུགས་འབད་ནི་ ཁས་བླངས་འབད་དེ་འདུག།
ལོ་བསྟར་བཞིན་དུ་ ན་གཞོན་ཚུ་གིས་ ལཱ་གཡོག་ཧྲིལ་བུམ་ཐོབ་སྦེ་ བཟོ་ནིའི་དོན་ལུ་ ལཱ་གཡོག་༥,༠༠༠ དེ་ཅིག་ བཟོ་ཐབས་ལུ་ སྒེར་སྡེ་ལུ་ རྒྱབ་སྐྱོར་འབད་ནི་ཨིན་པའི་ཁར་ ཉིན་བསྟར་གླ་འཐུས་༤༥༠ ལུ་ ཡར་སེང་འབད་ནི་ཨིན་པས།
ཚོགས་པ་གིས་ ལོ་༥ ནང་འཁོད་ལུ་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ ན་གཞོན་ཚུ་གིས་ ལཱ་གི་ཉམས་མྱོང་ འཐོབ་ནི་དང་ རྒྱལ་ཡོངས་ཀྱི་ གནད་དོན་དང་ འཆར་གཞི་ཚུ་ ཧ་དགོ་ནིའི་དོན་ལུ་ ལོ་༡ གི་ རྒྱལ་ཡོངས་ཞབས་ཏོག་ལས་རིམ་ ལོག་གཞི་བཙུགས་འབད་ནི་སྦེ་ ཁས་ལེན་འབད་དེ་འདུག།
དེ་ལས་ སོ་ནམ་གོང་འཕེལ་ལས་འགུལ་ལུ་བརྟེན་ འཚོ་བའི་གནས་སྟངས་དང་ ལཱ་གཡོག་གི་དོན་ལུ་ སོ་ནམ་དེ་ སེམས་ཁར་འབབ་ཏོག་ཏོ་བཟོ་མི་གིས་ ན་གཞོན་སྟོང་ཕྲག་ལས་བཅད་མི་ཚུ་གིས་ སོ་ནམ་ལས་སྣ་ཚུ་ ལེན་ཚུགསཔ་བཟོ་ནི་ཨིན་པས།
ཚོགས་པའི་ཁས་བླངས་གསལ་བསྒྲགས་དང་འཁྲིལཝ་ད་ ལཱ་གཡོག་གོ་སྐབས་བཟོ་ནི་དང་ འཚོ་བའི་གནས་སྟངས་ཀྱི་ ལས་རིམ་ཚུ་ནང་ མ་རྩ་འབོར་ཆེ་ཏོག་ཏོ་ བགོ་བཀྲམ་འབད་ནི་ལུ་ གཙོ་རིམ་བཟུང་ནི་ འཆར་གཞི་ཡོདཔ་བཞིན་དུ་ རྒྱལ་ཁབ་ནང་ རིག་རྩལ་དགོས་མཁོ་དང་འཁྲིལ་ཏེ་ ངོས་འཛིན་འབད་ཐོག་ལས་ རིག་རྩལ་གྱི་དོན་ལུ་ ལག་ཤེས་སྦྱོང་བརྡར་སྤེལ་ཁང་ཚུ་ ཡར་དྲག་གཏང་ནི་ཨིན་པས།
སོ་ནམ་དང་ བཟོ་གྲྭ་འཕྲུལ་ཁང་ཚུ་ནང་ མ་རྩ་ལེ་ཤ་ བགོ་བཀྲམ་འབད་དེ་ ལཱ་གཡོག་གི་ གོ་སྐབས་མངམ་ བཟོ་ནི་དང་ གནས་སྐབས་གཡོག་སྦྱོང་དང་ གཏན་འཁེལ་ལཱ་གཡོག་གི་ ལས་རིམ་ཚུ་ཡང་ རྒྱ་སྐྱེད་གཏང་ནི་ཨིན་ཟེར་ ཚོགས་པ་གིས་ ཁས་ལེན་འབད་ནུག།
གལ་སྲིད་ ཚོགས་པ་དེ་ གཞུང་སྐྱོང་ནི་ གོ་སྐབས་ཐོབ་པ་ཅིན་ སྨྱོ་རྫས་ལག་ལེན་ལུ་བརྟེན་ འཛིན་བཟུང་འབད་མི་ ན་གཞོན་ཚུ་ བསྒྱུར་བཅོས་ཐབས་ཤེས་ བཟོ་ཐོག་ལས་ ངེས་བརྟན་བཟོ་ནི་དང་ ཕྱི་རྒྱལ་ལཱ་གཡོག་ ལས་རིམ་དེ་ བསྐྱར་ཞིབ་དང་ འཕྲི་སྣོན་འབད་ནི་ལུ་ གཙོ་རིམ་བཟུང་ནི་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *