༉ སྤྱི་ཚོགས་ཀྱི་ བཙག་འཐུ་ཐེངས་༣ པ་ འགོ་འདྲེན་འཐབ་ནི་ རན་མི་དང་བསྟུན་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ སྲིད་དོན་ཚོགས་པ་ཚུ་ལུ་ རང་སོའི་ཡིག་ཚང་ནང་ ལས་བྱེདཔ་ཚུ་གི་ མིང་བཏགས་པའི་སྐབས་ བཙག་འཐུའི་གནས་ཚད་ཀྱི་ བྱ་རིམ་དང་འཁྲིལ་ཏེ་ འབད་གནང་ཟེར་ཨིན་པས།
འབྲུག་གི་སྲིད་དོན་ཚོགས་པའི་བཅའ་ཡིག་༢༠༡༥ ཅན་མ་དང་འཁྲིལཝ་ད་ སྲིད་དོན་ཚོགས་པའི་ གཙོ་འཛིན་བརྩིས་ཏེ་ ཡིག་ཚང་ནང་ ལཱ་འབད་མི་ཚུ་ག་ར་ བཙག་འཐུ་འབད་དགོ་ཟེར་ཨིན་པས།
དུས་ཅི་སྤྱི་ཟླ་༥ པའི་ནང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ཁྲི་འཛིན་བགྲེསཔ་ དྲགོས་གནས་བརྟན་བཟང་མོ་དེ་ ནང་འཁོད་ཀྱི་བཙག་འཐུ་འགོ་འདྲེན་མ་འཐབ་པར་ འཐུས་མི་ཚུ་གིས་ མོས་མཐུན་ཐོག་ལས་ འབྲུག་ཀུན་མཉམ་ཚོགས་པའི་ གཙོ་འཛིན་སྦེ་ གསར་བསྐོས་འབད་ཡོདཔ་ཨིན་པས།
ཚོགས་པའི་ཡོངས་ཁྱབ་མདོ་ཆེན་ ཀརྨ་སྦྱིན་པ་གིས་ དོགས་སེལ་འབད་མིའི་ནང་ སྤྱི་ཟླ་༥ པའི་ཚེས་༢༩ ལུ་ ནང་འཁོད་ཚོགས་པའི་ ཞལ་འཛོམས་ཅིག་ འཚོགས་ཐོག་ལས་ དྲགོས་གནས་བརྟན་བཟང་མོ་དེ་ གཙོ་འཛིན་སྦེ་ བསྐོ་བཞག་འབད་བའི་ཤུལ་ལུ་དགོས་མཁོའི་ཡིག་ཆ་ཚུ་ག་ར་ བཙག་འཐུ་ལྷན་ཚོགས་ལུ་ ཕུལ་ཡི་ཟེར་ཨིན་པས།
བཅའ་ཡིག་གི་ དོན་ཚན་༧.༤ པ་དང་འཁྲིལཝ་ད་ སྲིད་ཚོགས་ཅིག་གིས་ ནང་འཁོད་ལས་ ཚོགས་པའི་འགོ་ཁྲིདཔ་དང་ ཡིག་ཚང་འཆང་མི་གཞན་ཚུ་གི་ བཙག་འཐུ་ཚུ་ དུས་རྒྱུན་གྱི་ བར་མཚམས་ལུ་ འགོ་འདྲེན་འཐབ་དགོ་ཟེར་ཨིན་པས།
དེ་བཟུམ་སྦེ་ དོན་ཚན་༧.༥ པའི་ནང་ སྲིད་དོན་ཚོགས་པ་ཅིག་གིས་ ཚོགས་པ་ནང་འཁོད་ཀྱི་ བཙག་འཐུའི་གྲུབ་འབྲས་ཚུ་ ཚོགས་རྒྱན་བསྐྱུར་ཡོད་པའི་ ཁ་གྲངས་ཀྱི་བསྡོམས་དང་ ཚོགས་པའི་ཡིག་ཚང་འཆང་མི་ ཆ་མཉམ་གྱི་དོན་ལུ་ དོ་འགྲན་འབད་མི་རེ་རེ་གིས་ཐོབ་པའི་ ཚོགས་རྒྱན་ཁ་གྲངས་ དེ་ལས་ བཙག་འཐུའི་གྲུབ་འབྲས་ གསལ་བསྒྲགས་འབད་བའི་ བརྡ་འཕྲིན་གྱི་འདྲ་ཚུ་ ལྷན་ཚོགས་ལུ་ སྙན་ཞུ་འབད་དགོ་ཟེར་བཀོད་ནུག།
འབྲུག་ཀུན་མཉམ་ཚོགས་པའི་ གཙོ་འཛིན་གསརཔ་དེ་ ཁྲིམས་མཐུན་ཐོག་ལས་ བསྐོ་བཞག་ཡོད་མེད་ཀྱི་སྐོར་ལས་ ལྷན་ཚོགས་ལུ་ དྲི་དཔྱད་འབད་བའི་སྐབས་ ལྷོན་ཚོགས་ཀྱིས་ བཀོད་མིའི་ནང་ བཙག་འཐུའི་ཡིག་ཚང་ནང་ ལཱ་འབད་མི་ག་ར་གིས་ བཙག་འཐུའི་གནས་ཚད་ཀྱི་ བྱ་རིམ་དང་ རང་སོའི་བཀའ་ཁྲིམས་ཚུ་ བཙག་འཐུའི་ཁྲིམས་ཀྱིས་ འགབ་དོ་ཡོདཔ་ལས་ དེ་ལུ་ གནས་དགོ་ཟེར་ འབྲེལ་ཡོད་ཚུ་ལུ་ དྲན་གསོ་འབད་དེ་ཡོད་ཟེར་ཨིན་པས།
ལྷན་ཚོགས་ཀྱིས་ བཀོད་མིའི་ནང་ ད་ལྟོ་ཡོད་མི་དང་ སྲིད་ཚོགས་གསརཔ་ཚུ་གི་ བཙག་འཐུ་འགོ་འདྲེན་འཐབ་ནའི་དོན་ལུ་ གྲ་སྒྲིག་ཚུ་ འབད་དོ་ཟེར་ཨིན་པས།
འབྲུག་ཀུན་མཉམ་ཚོགས་པའི་ གཙོ་འཛིན་བགྲེསཔ་ བསོད་ནམས་སྟབས་རྒྱས་ཀྱིས་ དྲགོས་གནས་བརྟན་བཟང་མོ་དེ་ ཚོགས་པའི་གཙོ་འཛིན་གྱི་ འགན་ཁུར་ཧྲིལ་བུ་འབག་མི་ ཨིན་མེན་དང་ ཁོ་རའི་འགན་ཁུར་ཚུ་གི་སྐོར་ལས་ ག་ནི་ཡང་ སླབ་བཏུབ་རུང་ ཁོ་ར་ གཙོ་འཛིན་གྱི་ གོ་གནས་ལས་ དགོངསམ་ཞུ་མི་དེ་ཡང་ གཙོ་འཛིན་གྱི་འགན་ཁུར་ དྲགོས་གནས་བརྟན་བཟང་མོ་ལུ་ གོ་སྐབས་བྱིན་ནིའི་དོན་ལུ་ཨིན་ཟེར་ བཤདཔ་ཨིན་པས།
ཚོགས་པའི་བཀའ་ཁྲིམས་དང་འཁྲིལཝ་ད་ རྒྱལ་ཡོངས་དབུ་ཁྲིདཔ་གི་ ཚོགས་ཆུང་གི་ འཐུས་མི་ཚུ་གི་དོན་ལུ་ འགྲེམས་ཐོག་ཚོགས་རྒྱན་ཐོག་ལུ་ བཙག་འཐུ་འབད་དགོ་ཟེར་ཨིནམ་ད་ ཚོགས་ཆུང་ནང་ ལོ་༥ འི་དོན་ལུ་ འཐུས་མི་༡༥ དང་༢༡ ལས་ མ་ཉུང་ཅིག་ འོང་དགོཔ་ཨིན་པས།
ད་རེས་ནངས་པར་ འབྲུག་མཉམ་རུབ་ཚོགས་པ་གིས་ སྤྱི་ལོ་༢༠༡༨ ཀྱི་ བཙག་འཐུའི་དོན་ལུ་ ཡིག་ཚང་གི་ ལས་བྱེདཔ་གསརཔ་བཙུགས་ནི་ལུ་ འཆར་གཞི་བརྩམ་པའི་བསྒང་ཡོདཔ་ད་ ཚོགས་པའི་གཙོ་འཛིན་བགྲེསཔ་ བློན་པོ་རྡོ་རྗེ་ཆོས་སྒྲོན་དེ་ མི་སེར་དམངས་གཙོ་ཚོགས་པ་ནང་ འཛུལ་བའི་ཤུལ་ལས་ ལོ་བསྟར་ཞལ་འཛོམས་ནང་ ཌོག་ཊར་རྟ་མགྲིན་རྡོ་རྗེ་དེ་ གཙོ་འཛིན་གསརཔ་སྦེ་ ལོ་གཅིག་གི་ ཧེ་མ་ལས་ ངོས་ལེན་གྲུབ་ཡོདཔ་ཨིན་པས།
འབྲུག་མཉམ་རུབ་ཚོགས་པའི་ ཡོངས་ཁྱབ་དྲུང་ཆེན་ བསྟན་འཛིན་ལེགས་འཕེལ་གྱིས་ ཚོགས་པའི་གཙོ་འཛིན་དེ་ ཌོག་ཊར་རྟ་མགྲིན་རྡོ་རྗེ་ ཡང་ཅིན་ གཞན་མི་༡ དགོ་ཟེར་ཨིན་པས།
མི་སེར་དམངས་གཙོ་ཚོགས་པའི་ ཡོངས་ཁྱབ་དྲུང་ཆེན་ བསོད་ནམས་རྒྱ་མཚོ་གིས་ བཤད་མིའི་ནང་ བཙག་འཐུ་དེ་ རན་དོ་ཡོདཔ་ལས་ ཚོགས་པའི་ཡིག་ཚང་ལས་བྱེདཔ་བརྩིས་ཏེ་ ད་ལྟོའི་གཙོ་འཛིན་དང་ གཙོ་འཛིན་འོགམ་ཡང་ བཙག་འཐུ་འབད་དེ་ཡོད་ཟེར་ཨིན་པས།
ཚོགས་པ་ཚུ་གིས་ ཡིག་ཚང་གི་ ལས་བྱེདཔ་ཚུ་ གདམ་ཁ་འབད་ནིའི་དོན་ལུ་ ལས་བྱེདཔ་ཚོགས་ཆུང་ཅིག་ གཞི་བཙུགས་འབད་དོ་ཡོདཔ་ད་ གདམ་འཐུ་འབད་མི་ འཐུས་མི་ཚུ་གི་སྐོར་ལས་ གྲོས་བསྟུན་གྱི་དོན་ལུ་ བཀོད་ཁྱབ་ཚོགས་ཆུང་གིས་ བཏང་བའི་ཤུལ་ལས་ ཕྱི་སེལ་གྲུབ་མི་ མིང་ཐོ་ཚུ་ ཐག་བཅད་ཀྱི་དོན་ལུ་ བཙག་འཐུ་འགོ་འདྲེན་འཐབ་མི་ རྒྱལ་ཡོངས་ལྷན་འཛོམས་ནང་ གཏང་དགོ་ཟེར་ བསོད་ནམས་རྒྱ་མཚོ་གིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ སྤྱི་ལོ་༢༠༡༣ གྱི་ བཙག་འཐུའི་ཤུལ་ལས་ ཚོགས་པ་གིས་ དུས་ཚོད་མེད་པའི་ ལས་བྱེདཔ་ཚོགས་ཆུང་སྦེ་ གདམ་འཐུ་འབད་བའི་ཁར་ ཡིག་ཚང་གི་ ལས་བྱེདཔ་ཚུ་ གདམ་འཐུ་འབད་ཡི་ཟེར་ཨིནམ་ད་ ད་ལྟོ་ཡོད་མི་ ལས་བྱེདཔ་ཚུ་ཡང་ ཐིམ་ཕུག་ རང་བཞིན་ཐོན་སྐྱེད་གོང་འཕེལ་ལས་འཛིན་གྱི་ ཞལ་འཛོམས་ཁང་ནང་སྦེ་ བཙག་འཐུ་འབད་ཡི་ཟེར་ཨིན་པས།
བསོད་ནམས་རྒྱ་མཚོ་གིས་འབད་བ་ཅིན་ རྫོང་ཁག་དང་ རྒེད་འོག་ཚུ་ནང་གི་ ཚོགས་པའི་མཉམ་འབྲེལ་པ་ཚུ་ བཙག་འཐུ་འབད་ནི་ཡང་ ཧ་ལམ་ཅོག་འཐད་ཟེར་ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།