སྲིད་དོན་ཚོགས་པའི་ འཐུས་མི་ཚུ་གི་མིང་ཐོ་ ཚུལ་ལྡན་མེད་པའི་མངོན་གསལ།

བཙག་འཐུའི་བཅའ་ཁྲིམས་ནང་ མི་ངོ་༡ དུས་སྐབསས་ཅིག་ལུ་ སྲིད་དོན་ཚོགས་པ་གཅིག་ལས་ལྷག་པའི་ འཐུས་མི་སྦེ་ འཛུལ་མ་ཆོགཔ་ཨིན་རུང་ ད་རེས་ མི་བརྒྱ་ཕྲག་ལས་བཅད་མི་ཚུ་གིས་ སྲིད་ཚོགས་ལེ་ཤ་ཅིག་གི་འཐུས་མི་སྦེ་ འཛུལ་ཏེ་ཡོདཔ་ཨིན་པས།

འཕྲལ་ཁམས་ཅིག་ཁར་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ སྲིད་དོན་ཚོགས་པ་ཚུ་གི་ ལོ་བསྟར་སྙན་ཞུ་ཚུ་ བསྐྱར་ཞིབ་འབད་བའི་སྐབས་ མི་ངོ་༥༥༠ གིས་ སྲིད་ཚོགས་གཅིག་ལས་ལྷག་སྟེ་ འཐུས་མི་སྦེ་ ཐོ་བཀོད་འབད་ཡོད་པའི་ མངོན་གསལ་བྱུང་ནུག།

དེ་བཟུམ་སྦེ་ འཐུས་མི་༤༤ དེ་ཅིག་གི་ ངོ་སྤྲོད་ལག་ཁྱེར་ཚུ་ ཆ་གནས་མེད་པའི་ཁར་ ཚོགས་པའི་འཐུས་མི་སྦེ་ ལྷན་ཚོགས་ལུ་ ཕུལ་མི་ མིང་ཐོ་ལ་ལོ་ཅིག་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུའི་ཐོ་ཡིག་ ཟིན་བྲིས་ནང་བཀོད་དེ་མེདཔ་ཨིན་པས།

ཚོགས་པའི་འཐུས་མིའི་ མིང་ཐོ་ཚུ་ ཚུལ་མཐུན་མེད་པའི་ གྱངས་ཁ་དེ་ དེ་བ་ལྷགཔ་སྦེ་ འོང་སྲིད་ནི་ཨིན་རུང་ ད་རེས་ སྲིད་ཚོགས་མང་ཤོས་ཀྱིས་ རང་སོའི་འཐུས་མིའི་ མིང་ཐོ་ཚུ་ ལྷན་ཚོགས་ལུ་ མ་ཕུལ་མི་ལུ་བརྟེན་ཨིན་པས།

སྤྱི་ཟླ་༨ པའི་ཚེས་༡༣ ལུ་ ལྷན་ཚོགས་ཀྱི་ ཡོངས་ཁྱབ་དྲུང་ཆེན་ ཟླ་བ་བསྟན་འཛིན་གྱིས་ སྲིད་དོན་ཚོགས་པ་ཚུ་གི་ ཡོངས་ཁྱབ་དྲུང་ཆེན་ཚུ་ལུ་ རང་སོའི་ཚོགས་པའི་ འཐུས་མི་ཚུ་གི་ མིང་ཐོ་ཚུ་ ལེགས་ཤོམ་སྦེ་ བདེན་དཔྱད་འབད་ཐོག་ལས་ འཕྲལ་མགྱོགས་ར་ ཕུལ་གནང་ཟེར་ ཡི་གུ་ཅིག་བཏང་ནུག།

འཐུས་མི་ཅིག་གིས་ སྲིད་དོན་ཚོགས་པ་༡ ལས་ལྷག་སྟེ་ འཛུལ་མི་ཆོག་ནི་ཨིནམ་ལས་ འཐུས་མི་ག་ར་འབད་རུང་ རང་སོའི་དང་འདོད་དང་འཁྲིལ་ སྲིད་དོན་ཚོགས་པ་ཚུ་ནང་ འཛུལ་གནང་ཟེར་ ཡི་གུ་དེ་ནང་བཀོད་ནུག།

དེ་མ་ཚད་ ལྷན་ཚོགས་ཀྱིས་ སྲིད་ཚོགས་ཚུ་ལུ་ ཚོགས་པའི་འཐུས་མིའི་ འཐུས་ཚུ་ ག་གིས་བྱིན་དོ་ཡོདཔ་ཨིན་ནའི་ སྐོར་ལས་ཡང་ སླབ་སྟེ་ཡོདཔ་ཨིན་པས།

འབྲུག་ཀུན་མཉམ་ཚོགས་པའི་མགྲིན་ཚབ་ བསོད་ནམས་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ ཚོགས་པའི་འཐུས་མིའི་ མིང་ཐོ་ཚུ་ བདེན་དཔྱད་འབད་ཐོག་ལས་ ལྷན་ཚོགས་ཀྱི་ ཚེས་གྲངས་ནང་འཁོད་ལུ་ འཕྲལ་མགྱོགས་ར་ ཕུལ་འོང་ཟེར་ཨིན་པས།

ཚུལ་མཐུན་མེད་པའི་ མིང་ཐོ་ཚུ་ ཚོགས་པ་ག་ར་ནང་ འདུག་ཟེར་ཨིནམ་ད་ འབྲུག་ཀུན་མཉམ་ཚོགས་པའི་ནང་ ཚུལ་མཐུན་མེད་པའི་ མིང་ཐོ་དག་པ་ཅིག་ལས་བརྒལ་མེད་མི་ཚུ་ཡང་ ཚེ་ལས་འདས་སོང་མི་དང་ མིང་ཐོ་བསྡུ་སྒྲིག་དང་ གནས་སྡུད་བཀོད་པའི་སྐབས་ ནོར་བ་བྱུང་མི་ཚུ་ཨིན་ཟེར་ཨིན་པས།

མི་སེར་དམངས་གཙོ་ཚོགས་པའི་ འདེམས་ངོ་དང་ ཚོགས་པའི་ཡོངས་ཁྱབ་དྲུང་ཆེན་བགྲེསཔ་ བསོད་ནམས་རྒྱ་མཚོ་གིས་འབད་བ་ཅིན་ ད་རེས་ འཐུས་མི་ལ་ལོ་ཅིག་ སྲིད་དོན་ཚོགས་པ་༡ ལས་ལྷགཔ་སྦེ་ ཐོ་བཀོད་འབད་མི་དེ་ ཁོང་རའི་མིང་ཐོ་ཚུ་ བཏོན་བཏང་ཞིནམ་ལས་ ཚོགས་པ་ཅིག་ གདམ་འཐུ་འབད་དེ་ ད་རུང་ ཐོ་བཀོད་འབད་ནིའི་ གོ་སྐབས་བྱིན་དགོ་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ངོ་རྐྱང་ག་འབད་རུང་ སྲིད་དོན་ཚོགས་པ་ག་ལུ་ འཐུས་མི་སྦེ་ ཐོ་བཀོད་འབད་ཡོདཔ་ན་ ཤེས་དགོ་ཟེར་ཨིནམ་ད་ གལ་སྲིད་ དོགས་པ་རེ་ཡོད་པ་ཅིན་ ལྷན་ཚོགས་ཀྱི་ ཡོངས་འབྲེལ་འཆར་སྒོ་ནང་ འགྱོ་ཞིནམ་ལས་ བདེན་དཔྱད་འབད་དགོ་ཟེར་ བཤདཔ་ཨིན་པས།

འབྲུག་ཕུན་སུམ་ཚོགས་པའི་ ཡོངས་ཁྱབ་དྲུང་ཆེན་ སངས་རྒྱས་ཕུར་པ་གིས་ ཚོགས་པའི་འཐུས་མི་ ལ་ལོ་ཅིག་ ཚོགས་པ་ནང་ལས་ རང་སོའི་མིང་ཚུ་ བཏོན་མ་བཏང་པར་ ཐོན་སོང་ཡོདཔ་ལས་ ད་ལྟོ་ མིང་ཐོ་ཚུ་ བདེན་དཔྱད་འབད་བའི་བསྒང་ཡོད་ཟེར་ བཤདཔ་ཨིན་པས།

འབྲུག་མཉམ་རུབ་ཚོགས་པའི་ འདེམས་ངོ་ཚུ་གིས་ སླབ་མིའི་ནང་ ལ་ལོ་ཅིག་གིས་ སྲིད་དོན་གྱི་ ཁེ་ཕན་ལུ་བལྟ་སྟེ་ སྲིད་དོན་ཚོགས་པ་ག་རའི་ནང་ འཐུས་མི་སྦེ་ འཛུལཝ་མས་ཟེར་ཨིནམ་མ་ཚད་ ལ་ལོ་ སྲིད་དོན་ཚོགས་པ་ཚུ་ལས་ ག་ཅི་འཐོབ་ནི་བཟུམ་ མནོ་བསམ་བཏང་སྟེ་ ཕར་ཚུར་དོན་མེད་སྦེ་ འཁྱམས་སྡོདཔ་མས་ཟེར་ཨིན་པས།

འབྲུག་མཉམ་རུབ་ཚོགས་པའི་མགྲིན་ཚབ་ ཌོག་ཊར་རྟ་མགྲིན་རྡོ་རྗེ་གིས་ སླབ་མིའི་ནང་ ཚོགས་པའི་འཐུས་མི་ཚུ་ ཧེ་མ་ལས་ ཚོགས་པ་གཞན་ནང་ ཐོ་བཀོད་འབད་ཡོད་མེད་ བལྟ་མི་ཚུགས་ནི་ཨིན་རུང་ འཐུས་མི་མང་ཤོས་ར་ ཚོགས་པ་ལུ་ རྒྱབ་སྐྱོར་འབད་མི་ཚུ་ཨིན་ཟེར་ཨིན་པས།

དེ་འབདཝ་ལས་ ཚོགས་པའི་འཐུས་མི་ཚུ་ ཚོགས་པ་གཞན་ནང་ ཐོ་བཀོད་ཡོད་མེད་དེ་ ལྷན་ཚོགས་ཀྱིས་ བལྟ་དགོཔ་འདུག་ཟེར་ཨིནམ་ད གལ་སྲིད་ འཐུས་མི་ཚུ་ ཚོགས་པ་༡ ལས་ལྷག་སྟེ་ འཐུས་མི་སྦེ་ ཐོ་བཀོད་འབད་དེ་ཡོད་པ་ཅིན་ མིང་ཐོ་ཚུ་ བཏོན་དགོ་ཟེར་ ཌོག་ཊར་རྟ་མགྲིན་རྡོ་རྗེ་གིས་ བཤདཔ་ཨིན་པས།

དུས་ཅི་སྤྱི་ཟླ་༦ པ་ཚུན་ འབྲུག་མཉམ་རུབ་ཚོགས་པའི་ནང་ ཐོ་བཀོད་འབད་མི་ འཐུས་མི་༤,༨༧༧ གྱི་ མིང་ཐོ་ཚུ་ ལྷན་ཚོགས་ལུ་ ཕུལ་མི་དེ་ སྲིད་དོན་ཚོགས་པ་༣ གྱི་གྲས་ལས་ མཐོ་ཤོས་ཅིག་ཨིན་པས།

དེ་ལས་ འབྲུག་ཕུན་སུམ་ཚོགས་པ་ནང་ འཐུས་མི་༢,༡༨༦ གིས་ ཐོ་བཀོད་འབད་ཡོདཔ་བཞིན་དུ་ མི་སེར་དམངས་གཙོ་ཚོགས་པའི་ནང་ ཐོ་བཀོད་འབད་མི་ འཐུས་མི་༡,༢༩༨ དེ་ཅིག་ཡོདཔ་ཨིན་པས།

འབྲུག་ཀུན་མཉམ་ཚོགས་པའི་ནང་ ཚོགས་པའི་འཐུས་མི་༧༩༡ ལས་བརྒལ་ མེད་མི་དེ་ ཚོགས་པ་གཞན་ཚུ་དང་ཕྱདཔ་ད་ དམའ་ཤོས་ཨིན་པས།

སྲིད་དོན་ཚོགས་པ་ཚུ་གིས་ འདེམས་ངོ་ཚུ་གི་ ངོས་མེད་མིང་ཐོ་དང་གཅིག་ཁར་ ངོ་སྦྱོར་ཡི་གུ་ཚུ་ བཙག་འཐུའི་གསལ་བསྒྲགས་འབད་དེ་ ཉིན་གྲངས་༧ གྱི་ནང་འཁོད་ལུ་ ལྷན་ཚོགས་ལུ་ ཕུལ་དགོཔ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *