༉ རྒྱལ་ཁབ་ནང་ སྤྱི་དོན་ཁང་ སྦོམ་ཤོས་ཅིག་ཨིན་མི་ ཐིམ་ཕུག་ལུ་ཡོད་པའི་ རྒྱལ་གཞུང་འཛིན་སྐྱོང་སློབ་སྡེ་དེ་ ད་རེས་ནངས་པར་ སྲིད་དོན་ཚོགས་པ་ཚུ་གིས་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་ནང་ དོ་འགྲན་འབད་ནི་གི་ གྲ་སྒྲིག་འབད་ཐབས་ལུ་ རང་སོའི་སྲིད་ཚོགས་ཀྱི་ རྒྱབ་སྐྱོར་པ་ཚུ་གི་ གྱངས་ཁ་བཏོན་སའི་ ས་གོ་ཅིག་སྦེ་ གྱུར་སྟེ་འདུག།
མི་སེར་དམངས་གཙོ་ཚོགས་པ་གིས་ ཡོངས་ཁྱབ་ཞལ་འཛོམས་དེ་ཡང་ ད་རིས་ རྒྱལ་གཞུང་འཛིན་སྐྱོང་སློབ་སྡེའི་ སྤྱི་དོན་ཁང་ནང་ འགོ་འདྲེན་འཐབ་ནི་ཨིནམ་ད་ ཚོགས་པའི་ཞལ་འཛོམས་དེ་ཡང་ ཟླཝ་༩ གི་ཤུལ་ལས་ འཚོགས་དོ་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༧ ཟླ་༡༡ པའི་ནང་ མི་སེར་དམངས་གཙོ་ཚོགས་པ་གིས་ ཐིམ་ཕུག་ན་གཞོན་གོང་འཕེལ་མ་དངུལ་གྱི་ སྤྱི་དོན་ཁང་ནང་ རྒྱལ་ཡོངས་ཞལ་འཛོམས་འཚོགས་པའི་སྐབས་ བློན་ཆེན་ཚེ་རིང་སྟོབས་རྒྱས་དེ་ ཚོགས་པའི་གཙོ་འཛིན་དང་ ཞབས་ཏོག་བློན་པོ་ རྡོ་རྗེ་ཆོས་སྒྲོན་དེ་ གཙོ་འཛིན་འོགམ་སྦེ་ བཙག་འཐུ་འབད་ནུག།
མི་སེར་དམངས་གཙོ་ཚོགས་པའི་ བརྡ་བརྒྱུདཔ་ཚུ་གིས་ སླབ་མིའི་ནང་ ལོ་བསྟར་བཞིན་དུ་ རྒྱལ་ཡོངས་ཞལ་འཛོམས་ འཚོགས་དགོ་མི་དེ་ཡང་ བཙག་འཐུའི་བཅའ་ཁྲིམས་དང་འཁྲིལ་ཏེ་ཨིན་ཟེར་ཨིན་པས།
ད་རིས་ཀྱི་ ཞལ་འཛོམས་ནང་ ཚོགས་པའི་ཡིག་ཚང་གི་ ལས་བྱེདཔ་ཚུ་ བཙག་འཐུ་འབད་ནི་དང་ ཚོགས་པའི་འདེམས་ངོ་༤༧ ག་ར་ ངོ་སྤྲོད་འབད་འོང་ཟེར་ བཤདཔ་ཨིན་པས།
ཚོགས་པའི་འགོ་དཔོན་ཚུ་གིས་འབད་བ་ཅིན་ ཞལ་འཛོམས་ནང་ ཚོགས་པའི་རྒྱབ་སྐྱོར་པ་དང་ འཐུས་མི་ཚུ་ མངམ་འོང་ནིའི་ རེ་བ་བསྐྱེད་དོ་ཟེར་ཨིནམ་ད་ ཚོགས་པ་གིས་ དུས་ཅི་ སྤྱི་ཟླ་༦ པའི་ནང་ ཐིམ་ཕུག་ རྒྱལ་གཞུང་འཆམ་དང་ ཟློས་གར་སློབ་སྦྱོང་སྤེལ་ཁང་ནང་སྦེ་ རྒྱལ་ཡོངས་ཨམ་སྲུའི་ ཞལ་འཛོམས་ཅིག་ཡང་ འགོ་འདྲེན་འཐབ་ཅི།
འབྲུག་ཀུན་མཉམ་ཚོགས་པ་གིས་ ཡོངས་ཁྱབ་ཞལ་འཛོམས་འགོ་འདྲེན་འཐབ་མི་དེ་ནང་ མི་གྲངས་༦,༠༠༠ དེ་ཅིག་གིས་ བཅའ་མར་གཏོགས་ཏེ་ བདུན་ཕྲག་༢ ཀྱི་ཤུལ་ལས་ ནངས་པར་ རྒྱལ་གཞུང་འཆམ་དང་ ཟློས་གར་སློབ་སྦྱོང་སྤེལ་ཁང་ནང་ ན་གཞོན་ཚུ་གི་ ཡོངས་ཁྱབ་ཞལ་འཛོམས་ འགོ་འདྲེན་འཐབ་ནིའི་ ལས་རིམ་ཡོད་ཟེར་ བཤདཔ་ཨིན་པས།
འབྲུག་ཀུན་མཉམ་ཚོགས་པ་གིས་ ན་ཧིང་ ཡོངས་ཁྱབ་ཞལ་འཛོམས་ མ་འཚོགས་རུང་ དྲགོས་གནས་བརྟན་བཟང་མོ་དེ་ ཚོགས་པའི་གཙོ་འཛིན་སྦེ་ བཙག་འཐུ་འབད་ནུག།
ཚོགས་པའི་མགྲིན་ཚབ་ བསོད་ནམས་སྟོབས་རྒྱས་ལུ་ ཡོངས་ཁྱབ་ཞལ་འཛོམས་དང་ ན་གཞོན་ཚུ་གི་ ཞལ་འཛོམས་སྐོར་ལས་ དྲི་བཀོད་འབད་བའི་སྐབས་ ཁོ་གིས་ ག་ནི་ཡང་ སླབ་མ་བཏུབ།
འབྲུག་མཉམ་རུབ་ཚོགས་པའི་ འཐུས་མི་ཅིག་གིས་ བཤད་མིའི་ནང་ ཁོང་རའི་ཚོགས་པའི་ ཡོངས་ཁྱབ་ཞལ་འཛོམས་ནང་ མི་ལེ་ཤ་ སྤུངས་འཛོམས་འབད་ཡོད་པའི་ མངོན་གསལ་བྱུང་པའི་ཤུལ་ལས་ ཚོགས་པ་གཞན་ཚུ་གིས་ ཚོགས་པའི་སྟོབས་ཤུགས་དེ་ གྱངས་ཁ་ཐོག་ལས་ བཏོན་ནི་འགོ་བཙུགས་ཅི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཡོངས་ཁྱབ་ཞལ་འཛོམས་འཚོགས་མི་ གཙོ་བོ་ར་ ཚོགས་པའི་ཡིག་ཚང་གི་ ལས་བྱེདཔ་ཚུ་ བཙག་འཐུ་འབད་ནི་དོན་ལུ་ཨིནམ་ད་ དུས་ཅི་ སྤྱི་ཟླ་༥ པའི་ནང་ ཡོངས་ཁྱབ་ཞལ་འཛོམས་ འགོ་འདྲེན་འཐབ་པའི་སྐབས་ ཌོག་ཊར་བློ་གྲོས་ཚེ་རིང་དེ་ ཚོགས་པའི་གཙོ་འཛིན་སྦེ་ བཙག་འཐུ་འབད་ཡོདཔ་ཨིན་པས།
འབྲུག་ཕུན་སུམ་ཚོགས་པ་གིས་ཡང་ ཟླཝ་༡༠ གྱི་ཤུལ་ལས་ སྤྱི་ཟླ་༧ པའི་ཚེས་༡༩ ལུ་ ཡོངས་ཁྱབ་ཚོགས་འདུ་ འགོ་འདྲེན་འཐབ་ཡོདཔ་ད་ འདས་པའི་ཞལ་འཛོམས་ནང་ ཌོག་ཊར་པདྨ་རྒྱ་མཚོ་དེ་ ཚོགས་པའི་གཙོ་འཛིན་སྦེ་ བཙག་འཐུ་འབད་ནུག།
འཕྲལ་ཁམས་ཀྱི་ ཡོངས་ཁྱབ་ཚོགས་འདུ་ནང་ ལི་ལི་དབང་ཕྱུག་དང་ རྡོ་རྗེ་དབང་འདུས་ དེ་ལས་ ཨོ་རྒྱན་དབང་འདུས་༣ ཚོགས་པའི་གཙོ་འཛིན་འོགམ་སྦེ་ བཙག་འཐུ་འབད་ཡོདཔ་ཨིན་པས།
མ་གཞི་ འབྲུག་ཕུན་སུམ་ཚོགས་པ་གིས་ ཞལ་འཛོམས་ནང་ མི་ག་དེམ་ཅིག་ སྤུངས་འཛོམས་འབད་ཡོདཔ་ཨིན་ན་ སླབ་སླབ་མེད་རུང་ ཚོགས་པའི་འཐུས་མི་ཚུ་གིས་ མི་སྡེ་བརྡ་བརྒྱུད་ ཕེསི་བུག་ནང་ མི་༥,༥༠༠ དེ་ཅིག་ འཛོམས་ཡོདཔ་སྦེ་ བཀོད་དེ་འདུག།
ཚོགས་པའི་མགྲིན་ཚབ་ རྡོ་རྗེ་དབང་འདུས་ཀྱིས་ སླབ་མིའི་ནང་ ཚོགས་པའི་ཡོངས་ཁྱབ་ཚོགས་འདུ་ནང་ ཐོ་བཀོད་ཅན་གྱི་ འཐུས་མི་རྐྱངམ་གཅིག་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ ཞལ་འཛོམས་དེ་ཡང་ ཚོགས་པའི་རྒྱབ་སྐྱོར་པ་ཚུ་ མི་མང་ལུ་ གསལ་སྟོན་འབད་ནིའི་དོན་ལུ་མེན་ཟེར་ དོགས་སེལ་འབདཝ་ཨིན་པས།
ཁོ་གིས་ ཞལ་འཛོམས་ནང་ ཚོགས་པའི་རྒྱབ་སྐྱོར་པ་ཚུ་ འོང་ཡོདཔ་སྦེ་ སླབ་མི་དེ་ མི་བདེན་ཟེར་ཨིནམ་ད་ ཞལ་འཛོམས་དེ་ ཚོགས་པའི་དོན་ལུ་ གྲོས་ཐག་བཅད་ནི་གི་ གཙུག་སྡེ་མཐོ་ཤོས་ཅིག་ཨིན་མི་དེ་ཡང་ དེ་བསྒང་ ཚོགས་པའི་གཙོ་འཛིན་དང་ འཐུས་མི་ལ་སོགས་པ་ཚུ་ བཙག་འཐུ་འབདཝ་ཨིན་ཟེར་ འབྲུག་ཕུན་སུམ་ཚོགས་པའི་ བཀའ་ཁྲིམས་ནང་ བཀོད་དེ་འདུག།
ད་རེས་ནངས་པར་ འབྲུག་མཉམ་རུབ་ཚོགས་པའི་ འཐུས་མི་ཚུ་ གོམས་འདྲིས་ལྟ་སྐོར་དང་འབྲེལ་ མི་ཚུ་དང་ཕྱད་པར་ ཕུན་ཚོགས་གླིང་ལུ་ སོང་སྟེ་ཡོདཔ་ད་ ཚོགས་པ་གིས་ དབང་འདུས་ཕོ་བྲང་ བ་འཇོ་ལུ་ཡང་ མི་ཚུ་དང་ ཕྱད་ནིའི་ལས་རིམ་ནང་ མི་༨༠༠ དེ་ཅིག་གིས་ གྲལ་གཏོགས་འབད་ཡི་ཟེར་ ཚོགས་པ་གིས་ བཤད་ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།