སྲིད་དོན་ཚོགས་པ་ཚུ་གིས་ འདེམས་ངོ་ཚུ་གི་ ངེས་མེད་མིང་ཐོ་ བཙག་འཐུ་ལྷན་ཚོགས་ལུ་ཕུལ་དགོཔ།

༉ སྤྱི་ལོ་༢༠༡༨ ཀྱི་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་གྲ་སྒྲིག་འབད་ནིའི་དོན་ལུ་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ སྲིད་དོན་ཚོགས་པ་༤ ཆ་ར་ལུ་ ཚོགས་པའི་འདེམས་ངོ་ཚུ་གི་ ངེས་མེད་མིང་ཐོ་ཚུ་ བཙུགས་དགོཔ་སྦེ་ སླབ་སྟེ་ཡོདཔ་ཨིན་པས།
འབྲུག་མཉམ་རུབ་ཚོགས་པ་དང་ འབྲུག་ཀུན་མཉམ་ཚོགས་པ་༢ ཀྱིས་ འདེམས་ངོ་ཚུ་གི་ ངོས་མེད་མིང་ཐོ་ཚུ་ ལྷན་ཚོགས་ལུ་ ཕུལ་ཡོདཔ་ད་ འབྲུག་མཉམ་རུབ་ཚོགས་པ་རྐྱངམ་གཅིག་གིས་ འདེམས་ཁོངས་༤༧ ག་རའི་ འདེམས་ངོ་ཚུ་གི་ མིང་ཐོ་བཙུགས་ཡོདཔ་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ འདེམས་ངོ་ཚུ་གི་ ངོས་མེད་མིང་ཐོ་དེ་ ལྷན་ཚོགས་ལུ་ འཕྲལ་མགྱོགས་ར་ ཕུལ་ནི་གི་ འཆར་གཞི་ཡོདཔ་ཨིན་རུང་ ཀུན་གསལ་གྱིས་ མི་སེར་དམངས་གཙོ་ཚོགས་པ་ལུ་ ཚོགས་པའི་འདེམས་ངོ་ཚུ་གི་ ངེས་མེད་མིང་ཐོ་ཚུ་ ལྷན་ཚོགས་ལུ་ ཕུལ་ཡོད་མེད་སྐོར་ལས་ འབྲེལ་འཐབ་ནི་གི་ དཔའ་བཅམ་ད་ ངོས་ལེན་འབད་མ་བཏུབ།
ཀུན་གསལ་གྱིས་གོ་མི་ ལོ་རྒྱུས་དང་འཁྲིལཝ་ད་ ཚོགས་པ་༢ ཀྱིས་ ངོས་མེད་མིང་ཐོ་ཚུ་ མ་ཕུལ་མི་དེ་ཡང་ ཚོགས་པ་ཚུ་གིས་ ངོས་འཛིན་འབད་ཡོད་པའི་ འདེམས་ངོ་ཚུ་ ཐོ་བཀོད་མ་འབད་བར་ ཡོད་མི་ལུ་བརྟེན་ཨིནམ་ད་ ཚོགས་པ་གིས་ འདེམས་ངོ་ཚུ་ཡང་ ཚོགས་པའི་ནང་ ཐོ་བཀོད་འབདཝ་ད་རྐྱངམ་གཅིག་ ཐོ་བཀོད་ཅན་གྱི་ མི་ངོམ་སྦེ་ འགྲུབ་ནི་ཨིན་པས།
འབྲུག་ཀུན་མཉམ་ཚོགས་པའི་ ཡོངས་ཁྱབ་མདོ་ཆེན་ ཟླ་བ་རིན་ཆེན་གྱིས་ སླབ་མིའི་ནང་ འདས་པའི་བདུན་ཕྲག་༢ ཀྱི་ཧེ་མར་ ཚོགས་པའི་འདེམས་ངོ་ཚུ་གི་ ངོས་མེད་མིང་ཐོ་༤༠ དེ་ཅིག་ ལྷན་ཚོགས་ལུ་ ཕུལ་ཡོདཔ་བཞིན་དུ་ ད་ལྟོ་ འཐུས་མི་༤༦ ངོས་ལེན་འབད་དེ་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ བཀྲིས་སྒང་བར་མཚམས་-གཤོང་ཕུག་འདེམས་ཁོངས་ཀྱི་ འདེམས་ངོ་དེ་ འཕྲལ་མགྱོགས་ར་ ངོ་སྤྲོད་འབད་འོང་ཟེར་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་ ཡོངས་ཁྱབ་མདོ་ཆེན་ སངས་རྒྱས་ཕུར་པ་གིས་ སླབ་མིའི་ནང་ ད་ཚུན་གྱི་བར་ན་ ཚོགས་པའི་འདེམས་ངོ་༤༥ གཏན་འཁེལ་སོང་ཡོདཔ་བཞིན་དུ་ བསམ་རྩེ་རྡོ་ཕུག་ཅན་-རྟ་སྡིངས་འདེམས་ཁོངས་དང་ མགར་ས་ཁ་སྟོད-ལ་ཡ་འདེམས་ཁོངས་ཀྱི་ འདེམས་ངོ་ཚུ་ ད་རེས་ ངོས་འཛིན་འབད་དེ་ཡོདཔ་ལས་ འཕྲལ་མགྱོགས་ར་ གཏན་འཁེལ་འགྱོ་འོང་ཟེར་ཨིན་པས།
ཨིན་རུང་ འདེམས་ངོ་ཚུ་གིས་ ད་ལྟོ་ གནས་སྐབས་ཅིག་ ངོ་སྤྲོད་མ་འབད་ཟེར་ སླབ་མི་ལུ་བརྟེན་ བཞག་སྟེ་ཡོདཔ་ལས་ འཕྲལ་མགྱོགས་ར་ ངོ་སྤྲོད་འབད་འོང་ཟེར་ ཡོངས་ཁྱབ་དྲུང་ཆེན་གྱིས་ བཤདཔ་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་ འཐུས་མི་བགྲེསཔ་དང་ འཐུས་མི་མང་ཤོས་ར་ སྤྱི་ལོ་༢༠༡༨ ཀྱི་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུའི་དོན་ལུ་ ལོག་སྟེ་ར་ བཅའ་མར་་གཏོགས་དོ་ ཡོདཔ་བཞིན་དུ་ ད་ལྟོ་ཕྱག་ཞུ་བའི་བསྒང་ཡོད་མི་ ཚོགས་པའི་འཐུས་མི་ཚུ་གི་ ཚབ་བཙུགས་དགོ་མི་ཚུ་ཡང་ བཀྲིས་སྒང་བར་མཚམས་-གཤོང་ཕུག་འདེམས་ཁོངས་ཀྱི་འཐུས་མི་ དབང་འདུས་ནོར་བུ་དང་ ར་ལྡི་- སག་སྟེང་གི་འཐུས་མི་ འཇིགས་མེད་དབང་ཕྱུག་༢ ཨིན་པས།
ཚོགས་པ་གིས་འབད་བ་ཅིན་ འདེམས་ངོ་༤ ལུ་ མཁས་དབང་གི་ ཤེས་ཚད་དང་ འདེམས་ངོ་༡༦ ལུ་ གཙུག་ལག་ཤེས་ཡོན་ དེ་ལས་ འདེམས་ངོ་༢༧ ལུ་ མཐོ་རིམ་ཤེས་ཚད་ཡོད་པའི་ཁར་ ཉམས་མྱོང་ཅན་ཚུ་ཡོད་ཟེར་ཨིན་པས།
དེ་ལས་ འདེམས་ངོ་ཚུ་གི་གྲས་ལས་ ལོ་ཚད་དམའ་ཤོས་ར་ སྐྱེས་ལོ་༢༨ དང་ མཐོ་ཤོས་ར་ སྐྱེས་ལོ་༥༩ འབད་མི་ཚུ་ཡོདཔ་བཞིན་དུ་ ཨམ་སྲུ་༥ འབདཝ་ད་ འདེམས་ངོ་ཡོངས་བསྡོམས་ལས་ བརྒྱ་ཆ་༡༠ ཨིན་པས།
འབྲུག་ཕུན་སུམ་ཚོགས་པ་གིས་ ཐིམ་ཕུག་ལུ་ ཉིན་གྲངས་༢ ཀྱི་རིང་ ཚོགས་པའི་མཉམ་འབྲེལ་ཞལ་འཛོམས་འཚོགས་ཡོདཔ་བཞིན་དུ་ ཚོགས་པའི་འགོ་འཛིན་ཚུ་གིས་ ཚོགས་པ་དང་ མཉམ་འབྲེལ་པ་ཚུ་ལུ་ ཚོགས་པའི་ཐབས་བྱུས་དང་ མཉམ་འབྲེལ་པ་ཚུ་གིས་ འབད་ཆོག་མི་ཆོག་སྐོར་ བཤད་བྱིན་ཡོདཔ་ད་ ཞལ་འཛོམས་དེ་ཡང་ སྤྱི་ཟླ་༧ པའི་ཚེས་༤ ལུ་ མཇུག་བསྡུ་ནུག།
འབྲུག་ཀུན་མཉམ་ཚོགས་པའི་ ཡོངས་ཁྱབ་དྲུང་ཆེན་ ཟླ་བ་རིན་ཆེན་གྱིས་ སླབ་མིའི་ནང་ འདེམས་ངོ་ཚུ་གི་དོན་ལུ་ སྤྱི་ཟླ་༧ པའི་ཚེས་༩-༣༡ ཚུན་ ལྕོགས་གྲུབ་གོང་འཕེལ་གྱི་ སྦྱོང་བརྡར་ཅིག་ འགོ་འདྲེན་འཐབ་ནི་གི་ འཆར་གཞི་ཡོད་ཨིན་ཟེར་པས།
ཞལ་འཛོམས་ནང་ འདེམས་ངོ་ཚུ་ལུ་ མི་སེར་ཚུ་དང་ འབྲེལ་བ་འཐབ་ཐངས་ཀྱི་ རིག་རྩལ་དང་ ཁས་བླངས་གསལ་བསྒྲགས་ ག་དེ་སྦེ་ འབད་ནི་ཨིན་ན་ དེ་ལས་ པར་ཆས་གདོང་ཁར་ ག་དེ་སྦེ་ བལྟ་ནི་ཨིན་ནའི་ སྦྱོང་བརྡར་ཚུ་ བྱིན་འོང་ཟེར་ཨིནམ་ད་ དེ་བསྒང་ འདེམས་ངོ་༤༧ ག་ར་ བཅའ་མར་གཏོགས་དགོ་ཟེར་ ཡོངས་ཁྱབ་དྲུང་ཆེན་གྱིས་ བཤདཔ་ཨིན་པས།
མ་གཞི་ ཚོགས་པ་དེ་ སྤྱི་ལོ་༢༠༡༣ ལུ་ ཐོ་བཀོད་འབད་ཡོད་རུང་ ད་རེས་ བཙག་འཐུ་ནང་ འགོ་དང་པ་ བཅའ་མར་གཏོགས་ནི་ཨིནམ་ད་ ཧེ་མ་ བཙག་འཐུ་རནམ་ད་ མགར་རྫོང་ཁག་གི་ འདེམས་ཁོངས་༡ ལས་ འདེམས་ངོ་མེད་མི་ལུ་བརྟེན་ བཅའ་མར་གཏོགས་མ་ཚུགས་རུང་ ད་རེས་ བཅའ་མར་གཏོགས་ནི་ལུ་ གྲ་སྒྲིག་སོང་སྟེ་ཡོད་ཟེར་ཨིན་པས།
འབྲུག་མཉམ་རུབ་ཚོགས་པའི་ འཛིན་སྐྱོང་འགོ་དཔོན་ ཕུར་པ་གིས་ སླབ་མིའི་ནང་ ད་ལྟོ་ འདེམས་ངོ་ག་ར་ འདེམས་ཁོངས་ལྟ་སྐོར་ནང་ སོང་སྟེ་ཡོདཔ་མ་ཚད་ འཕྲལ་ཁམས་ཅིག་ཁར་ བརྡ་བརྒྱུད་ནང་ ངོ་སྤྲོད་འབད་མི་ འདེམས་ངོ་ཚུ་ བསྒྱུར་བཅོས་མེད་པར་ རང་འཇགས་སྦེ་ར་ཨིན་ཟེར་ཨིན་པས།
འབྲུག་མཉམ་རུབ་ཚོགས་པ་ནང་ མགར་ས་ལུག་ནག་ནང་-ཁ་སྨད་འདེམས་ཁོངས་ལས་ སྐྱེས་ལོ་༢༥ ལང་མི་ ཡེ་ཤེས་སྒྲོལམ་དེ་ འཐུས་མི་ཚུ་གི་གྲས་ལས་ ལོ་ཚད་ཆུང་ཤོས་ཨིནམ་ད་ མོང་སྒར་འདེམས་ཁོངས་ལས་ སྐྱེས་ལོ་༦༣ ལང་མི་ ཚོགས་པའི་གཙོ་འཛིན་འོགམ་ དྲགོས་ཤེས་རབ་རྒྱལ་མཚན་དེ་ ལོ་ཚད་རྒས་ཤོས་ཅིག་ཨིན་པས།
ཚོགས་པའི་ནང་ འདེམས་ངོ་༤༧ གྱི་གྲས་ལས་༥ ཨམ་སྲུ་ཨིནམ་ད་ འདེམས་ངོ་༡༢ ཀྱིས་ སྤྱི་ལོ་༢༠༡༣ གྱི་ བཙག་འཐུ་ནང་ཡང་ བཅའ་མར་གཏོགས་ཡོདཔ་ཨིན་པས།
བཙག་འཐུ་ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ སྤྱིར་བཏང་བཙག་འཐུ་ནང་ མ་ལྷོད་ཚུན་ ཚོགས་པ་ཚུ་གིས་ འདེམས་ངོ་སྦེ་ ངོ་སྤྲོད་འབད་མི་ཚུ་ བརྩི་འཇོག་འབད་ནི་མེད་ཟེར་ཨིནམ་ད་ སྲིད་དོན་ཚོགས་པ་ཚུ་གིས་ འགོ་ཐོག་བཙག་འཐུའི་དོན་ལུ་ རང་སོའི་འདེམས་ངོ་ཚུ་གི་ མིང་ཐོ་དང་གཅིག་ཁར་ ཁས་ལེན་ཡོད་པའི་ ངོ་སྦྱོར་ཡི་གུ་ཚུ་ ལྷན་ཚོགས་ལུ་ ཕུལ་དགོ་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

ཐིམ་ཕུག་ལུ་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་རྐྱབ་ནིའི་ ས་སླང་རྟེནའབྲེལ།

༉ སྤྱི་ལོ་༢༠༢༥ འི་ ལོ་མཇུག་བསྡུ་ཁམས་ལས་ ཐིམ་ཕུག་གི་ ཆུ་རྩལ་རྐྱབ་སའི་ ས་ཁོངས་ནང་སྦེ་ རྒྱལ་ཁབ་ནང་ ཊའི་ཀཱོན་ཌོ་རྩེད་རིགས་ལུ་ དགའ་མི་ཚུ་གིས་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་ མཐོང་ཚུགས་ནི་ཨིན་པས། དེ་ཡང་ ཁ་ཙ་ …

Leave a Reply

Your email address will not be published. Required fields are marked *