སྲིད་དོན་ཚོགས་པ་ཚུ་གིས་ ཞིང་སྟོང་ཚུ་ ལག་ལེན་དང་ སོ་ནམ་ཐོན་སྐྱེད་ཡར་སེང་འབད་ནིའི་ཁས་བླངས།

༉ འབྲུག་མི་མང་ཤོས་ར་ འཚོ་བ་སོ་ནམ་ལུ་བརྟེན་ སྡོད་མི་ཨིནམ་ལས་ སྲིད་དོན་ཚོགས་པ་ཚུ་གིས་ ཞིང་སྟོང་ལུས་ཡོད་མི་ཚུ་ བཟའ་སྤྱོད་འབད་ཚུགསཔ་ བཟོ་ནི་གི་ ཁས་བླངས་འབད་ནུག།
སོ་ནམ་དང་ ནགས་ཚལ་ལྷན་ཁག་གི་ སྤྱི་ལོ་༢༠༡༧ ཅན་མའི་ སོ་ནམ་གནས་སྡུད་དང་འཁྲིལཝ་ད་ སྐམ་ཞིང་ལག་ལེན་གྱི་ བདག་དབང་ཡོད་མི་ ཨེ་ཀར་༡༤༥,༨༣༨ དེ་ཅིག་ ཚོད་རྩིས་བཏོན་མི་ལས་ ཨེ་ཀར་༤༦,༧༠༤ དེ་ཅིག་ བཟའ་སྤྱོད་མ་འབད་བར་ ལུས་ནུག་ཟེར་ཨིན་རུང་ དེ་བ་མངམ་འོང་ཟེར་ཨིན་པས།
པདྨ་དགའ་ཚལ་རྫོང་ཁག་ནང་ སྐམ་ཞིང་ཨེ་ཀར་༦,༤༤༤ དེ་ཅིག་ བཟའ་སྤྱོད་མ་འབད་བར་ ལུས་མི་དེ་ མཐོ་ཤོས་དང་ མགར་ས་ལུ་ ཨེ་ཀར་༦༤ ལུས་མི་དེ་ དམའ་ཤོས་ཨིན་པས།
ཆུ་ཞིང་ལག་ལེན་གྱི་ བདག་དབང་ཡོད་མི་ ཨེ་ཀར་༥༩,༡༨༨ དེ་ཅིག་གི་ ཚོད་རྩིས་བཏོན་མི་ལས་ ཨེ་ཀར་༧,༨༢༠ དེ་ཅིག་ བཟའ་སྤྱོད་མ་འབད་བར་ ལུས་མི་ཡང་ མང་ཤོས་ར་ བསམ་རྩེ་རྫོང་ཁག་ནང་འདུག་ཟེར་ གནས་སྡུད་ནང་བཀོད་ནུག།
མི་སེར་དམངས་གཙོ་ཚོགས་པ།
ཚོགས་པ་གིས་ ལོ་༥ འི་ནང་འཁོད་ལུ་ བཟའ་ཆས་ཀྱི་རིགས་ མང་ཤོས་ཅིག་ནང་ བརྒྱ་ཆ་༧༠ དེ་ཅིག་ རང་ལྡང་བཟོ་ནི་དང་ སོ་ནམ་ཐོན་སྐྱེད་ཚོང་འབྲེལ་འཐབ་ནི་ དེ་ལས་ བཙོང་མ་ཚུགས་པར་ལུས་མི་ ཐོན་སྐྱེད་ལོག་ཉོ་ནིའི་ ལམ་ལུགས་བཙུགས་ནི་སྦེ་ ཁས་བླངས་འབད་དེ་འདུག།
གལ་སྲིད་ ཚོགས་པ་གིས་ ད་རུང་ གཞུང་སྐྱོང་ནིའི་ གོ་སྐབས་ཐོབ་པ་ཅིན་ སོ་ནམ་ཐབས་ཤེས་དང་ རྒྱུན་བརྟན་ཅན་གྱི་ སོ་ནམ་འཕྲུལ་ཆས་ ལག་ལེན་ཐོག་ལས་ ཚོང་འབྲེལ་དང་འབྲེལ་བའི་ སོ་ནམ་གྱི་ལཱ་ཚུ་ ཡར་དྲག་གཏང་ནི་ཨིནམ་མ་ཚད་ རྒྱལ་ཁབ་ནང་ བཟའ་སྤྱོད་མ་འབད་བར་ ལུས་ཡོད་མི་ ས་ཆ་ཚུ་ཡང་ ལཱ་འབད་ནི་ལུ་ སེམས་ཤུགས་བསྐྱེད་ནི་ཨིན་པས།
ད་ལྟོ་ཡོད་མི་ ཞིང་ཆུའི་གཡུར་བ་ཚུ་ ལེགས་ཤོམ་སྦེ་ རྒྱུན་སྐྱོང་འབད་ནི་དང་ ས་ཆ་ཨེ་ཀར་༥༠,༠༠༠ དེ་ཅིག་ ལཱ་འབད་ནིའི་དོན་ལས་ ཞིང་ཆུ་ཀི་ལོ་མི་ཊར་༧༠༠ དེ་ཅིག་སེལ་ནི་ ཞིང་ཆུ་གསརཔ་དང་ ཕན་ནུས་ཅན་གྱི་ ཞིང་ཆུའི་འཕྲུལ་ཆས་ཚུ་ཡང་ ལག་ལེན་འཐབ་ནི་ཨིན་པས།
སོ་ནམ་ཐོན་སྐྱེད་ སྦྲང་རྩི་དང་ སྒོང་རྡོག་ ཕགཔ་ ཨོ་ཆས་འཕྲུལ་ཁང་གི་དོན་ལུ་ རྒྱལ་ཁབ་ཀྱི་ ས་ཁོངས་གཞན་ཚུ་ནང་ལས་ཕར་ སོ་ནམ་གྱི་ ཚོང་ལཱ་ཚུ་ གཞི་བཙུགས་འབད་ནི་ཨིནམ་མ་ཚད་ གོང་ཚད་མར་ཕབ་དང་ ཞིང་རྨོ་འཕྲུལ་ཚུ་ སྒེར་སྡེ་ཚུ་གིས་ མཁོ་སྒྲུབ་འབད་ནི་ལུ་ གཙོ་རིམ་བཟུང་ནི་དང་ གཙོ་རིམ་སྐྱིན་འགྲུལ་ལས་སྡེ་ གྲོང་གསེབ་ཚོང་འབྲེལ་གོང་འཕེལ་ལས་འཛིན་ དངུལ་ལས་ཆུང་བ་ དེ་ལས་ འབྲུག་གོང་འཕེལ་དངུལ་ཁང་ཚུ་བརྒྱུད་དེ་ སོ་ནམ་ཚོང་འབྲེལ་ཚུ་ལུ་ དངུལ་འབྲེལ་གྱི་ ལྷན་ཐབས་འབད་འོང་ཟེར་ ཚོགས་པའི་ཁས་བླངས་གསལ་བསྒྲགས་ནང་བཀོད་ནུག།
སྤྱི་འོག་ག་རའི་ནང་ ཞིང་རྨོ་འཕྲུལ་༢ བཞག་ཚུགསཔ་ བཟོ་ཐབས་ལུ་ ད་རུང་ པ་ཝར་ཊེ་ལར་རེ་ བགོ་བཀྲམ་འབད་ནི་དང་ འཕྲུལ་ཆས་ཚུ་ བཅོ་ཁ་རྐྱབ་ནིའི་དོན་ལུ་ བཅོ་ཁང་ཚུ་ཡང་ བཟོ་སྐྲུན་འབད་ནི་ཨིན་པས།
འབྲུག་ཕུན་སུམ་ཚོགས་པ།
ཚོགས་པ་གིས་ ལོ་༥ འི་ནང་འཁོད་ལུ་ གྲོང་གསེབ་གུང་རེའི་ འོང་འབབ་དེ་ ལོག་ལྟབ་ཡར་སེང་འབད་ནི་དང་ ད་ལྟོ་ དབུལ་ཕོངས་ཀྱི་ ཚད་གཞི་བརྒྱ་ཆ་༨.༢ ཡོད་མི་དེ་ བརྒྱ་ཆ་༤ འོག་རྒྱུ་ལུ་ བཞག་ནི་སྦེ་ ཁས་བླངས་འབད་ནུག།
སོ་ནམ་གྱི་ ཐོན་སྐྱེད་ཚུ་ ཡར་དྲག་གཏང་ནི་དང་ ལུང་ཕྱོགས་ནང་ དོ་འགྲན་འབད་ནིའི་དོན་ལུ་ ངོ་མཚར་ཆེ་བའི་ སེམས་ཤུགས་འཐུས་ཚུ་ ཡར་སེང་འབད་ནི་དང་ རང་བཞིན་ཐོན་སྐྱེད་ག་ར་ལུ་ གོང་ཚད་ཕབ་ཆག་ཐོག་ བྱིན་ནི་ཟེར་ཨིན་པས།
གལ་སྲིད་ ཚོགས་པ་དེ་ བཙག་འཐུ་གྲུབ་པ་ཅིན་ སོ་ནམ་པ་དང་ ན་གཞོན་ཚུ་གིས་ ཚོང་འབྲེལ་གྱི་ སོ་ནམ་ལཱ་འབད་ནིའི་དོན་ལུ་ སྐྱིན་འགྲུལ་གྱི་ སྐྱེད་མར་ཕབ་ཐོག་ལས་བྱིན་ནི་ཨིནམ་ད་ ལོ་ཐོག་ལེགས་ཤོམ་དང་ སྒོ་ནོར་སྲུང་སྐྱོབ་ རི་དྭགས་སེམས་ཅན་གྱི་སྡོད་གནས་འཛིན་སྐྱོང་ དེ་ལས་ རྒུད་འཐུས་ཀྱི་ ཐོབ་ལམ་ཡོདཔ་སྦེ་བཟོ་སྟེ་ རི་དྭགས་སེམས་ཅན་དང་ འགྲོ་བ་མིའི་བར་ན་ བྲེལ་ཟིང་བྱུང་མི་དེ་ སེལ་ནི་ཨིན་ཟེར་ ཚོགས་པའི་ཁས་བླངས་ནང་བཀོད་ནུག།
ཞིང་ཆུའི་དོན་ལུ་ ཟད་འགྲོ་འབོར་ཆེ་ཏོག་ཏོ་ བཏང་ཐོག་ལས་ འོས་འབབ་ལྡན་པའི་ ཆུ་ཞིང་ཚུ་ བཟའ་སྤྱོད་འབད་བཏུབ་བཟོ་ནི་ཨིནམ་མ་ཚད་ དེང་སང་གི་ ལམ་ལུགས་གཞི་བཙུགས་འབད་དེ་ ཐོན་སྐྱེད་ཡར་སེང་འབད་ནི་དང་ སོ་ནམ་ལཱ་དེ་ ན་གཞོན་ཚུ་ལུ་ སེམས་ཁར་འབབ་ཏོག་ཏོ་ བཟོ་ནི་ཨིན་པས།
ཚོགས་པ་གིས་ ས་ཞིང་གོང་འཕེལ་དང་ འཛིན་སྐྱོང་འབད་ནིའི་དོན་ལུ་ རྒྱབ་སྐྱོར་འབད་ནི་དང་ སོ་ནམ་ཚོང་ཁང་ཚུ་ ལེགས་ཤོམ་སྦེ་ བསྐྱར་ཞིབ་འབད་དེ་ གོང་འཕེལ་བཏང་ཐོགལས་ སོ་ནམ་ཐོན་སྐྱེད་བཙོང་ནི་ལུ་ ལྷན་ཐབས་འབད་ནི་ཨིན་པས།
འབྲུག་ཀུན་མཉམ་ཚོགས་པ།
ཚོགས་པ་གིས་ ད་ལྟོ་ཡོད་པའི་ ཞིང་ཆུའི་མཐུན་རྐྱེན་ཚུ་ བརྒྱ་ཆ་ཧྲིལ་བུ་ ལག་ལེན་འཐབ་ནི་དེ་ ཁས་བླངས་ཚུ་གི་གྲས་ལས་ གཙོ་རིམ་དང་པ་སྦེ་ ངོས་འཛིན་འབད་དེ་ཡོད་པའི་ཁར་ ཕན་ནུས་ཅན་སྦེ་ ལག་ལེན་འཐབ་ཐོག་ལས་ ཆུ་གཡུར་ཡོད་མི་ཚུ་ ཉམས་བཅོས་འབད་ནི་དང་ གསརཔ་བཟོ་ནི་ཨིན་པས།
རི་དྭགས་སེམས་ཅན་དང་ འགྲོ་བ་མིའི་བར་ན་ བྲེལ་ཟིང་བྱུང་མིའི་ཐད་ལུ་ འཕྲུལ་ཆས་ཡར་དྲག་གཏང་ཐོག་ལས་ དཀའ་ངལ་སེལ་ཐབས་འབད་ནི་དང་ ནགས་ཚལ་དང་ རང་བཞིན་ཉམས་སྲུང་བཅའ་ཁྲིམས་༡༩༩༥ ཅན་མ་དེ་ བསྐྱར་ཞིབ་ཐོག་ བྱ་རིམ་བདེ་ཏོག་ཏོ་བཟོ་ནི་ཨིནམ་མ་ཚད་ རང་བཞིན་གྱི་ རྐྱེན་ངན་དང་ རི་དྭགས་སེམས་ཅན་གྱིས་ གནོད་སྐྱོན་རྐྱབ་མི་ ལོ་ཐོག་ཚུ་ལུ་ རྒུད་འཐུས་སྤྲོད་ནི་ཟེར་ཨིན་པས།
ཚོགས་པ་གིས་ གལ་སྲིད་ གཞུང་སྐྱོང་ནིའི་ གོ་སྐབས་ཐོབ་པ་ཅིན་ བློན་ཆེན་གྱི་ ཡིག་ཚང་ནང་ རྒྱལ་ཡོངས་རང་བཞིན་སྨིན་པའི་གཙུག་སྡེའི་ ལས་རིམ་ཅིག་ གཞི་བཙུགས་འབད་ནི་དང་ སོ་ནམ་མཐུན་རྐྱེན་གོང་འཕེལ་ནང་ ཞིང་ལམ་དང་ བཟོ་སྦྱོར་ཁང་ ཚོང་ལམ་མཐུན་རྐྱེན་ བརྡ་དོན་ དེ་ལས་ སྐྱེལ་འདྲེན་ཚུ་ ཡར་དྲག་གཏང་ནི་ཨིན་པས།
དེ་ལས་ སོ་ནམ་ཐོན་སྐྱེད་ འབད་ས་ལུ་ ཚོང་ལམ་དང་ སྲ་ཆས་མཐུན་རྐྱེན་དང་ བསིལ་ལྡན་དྲོད་ཁང་ དེ་ལས་ སོ་ནམ་ཐོན་སྐྱེད་ བཙོང་བའི་ ཏི་རུ་ཚུ་ འཕྲུལ་ཆས་ཐོག་ལས་འཐོབ་ནིའི་ ལམ་ལུགས་ཚུ་ བཟོ་ནི་ཨིན་པས།
འབྲུག་མཉམ་རུབ་ཚོགས་པ།
ཚོགས་པ་གིས་ སོ་ནམ་གོང་འཕེལ་གཏང་ནི་ལུ་ གཞུང་གིས་ སོ་ནམ་པ་ཚུ་ལས་ ཐོན་སྐྱེད་ཚུ་ ཁྲོམ་ཁའི་གོང་ཚད་ནང་ ཉོ་ཐོག་ལས་ ད་རུང་ དེ་བ་ལྷགཔ་སྦེ་ སོ་ནམ་ཐོན་སྐྱེད་ འབད་ཚུགས་ནིའི་དོན་ལུ་ ཕབ་ཆག་གི་ རྒྱབ་སྐྱོར་ཚུ་ བྱིན་ནི་གི་ ཁས་བླངས་འབད་ནུག།
དེ་བཟུམ་སྦེ་ སོ་ནམ་པ་ཚུ་གིས་ རང་སོའི་སོ་ནམ་གྱི་ ཐོན་སྐྱེད་ཚུ་བཙོང་ཚུགསཔ་ ངེས་བརྟན་བཟོ་ནི་ལུ་ ཚོགས་པ་གིས་ སོ་ནམ་པ་ཚུ་གི་དོན་ལུ་ ལོ་ཐོག་གསརཔ་ཉེན་བཅོལ་ལམ་ལུགས་ གཞི་བཙུགས་འབད་ནི་དང་ བསིལ་ལྡན་དྲོད་ཁང་ དེ་ལས་ གནས་སྟངས་ཀྱི་ ཐབས་ཤེས་ཚུ་ བཏོན་ནི་ཨིན་པས།
སོ་ནམ་བཙོང་སའི་ ས་གོ་བརྒྱུད་དེ་ ཚོང་ལམ་ལྟེ་བའི་ མཐུད་སྦྲེལ་གཞི་བཙུགས་འབད་ནི་དང་ སོ་ནམ་པ་ཚུ་ལུ་ དགོས་མཁོའི་མཐུན་རྐྱེན་ཚུ་ རྒྱབ་སྐྱོར་འབད་ཐོག་ལས་ སོ་ནམ་གྱི་ལཱ་ འཇམ་ཏོང་ཏོ་དང་ སྟབས་བདེ་ཏོག་ཏོ་ བཟོ་ནི་ཨིན་པས།
ཚོགས་པའི་ཁས་བླངས་དང་འཁྲིལཝ་ད་ སོ་ནམ་ལཱ་ལུ་བརྟེན་ འོང་འབབ་བཟོ་མི་ སོ་ནམ་པ་ཚུ་ལས་ ཁྲལ་དགོངས་ཡངས་གཏང་ནི་དང་ སོ་ནམ་ལཱ་ལུ་ ལཱ་གཡོག་གི་ གོ་སྐབས་བཟོ་ནི་ལུ་ རྒྱབ་སྐྱོར་དང་ ནང་འདྲེན་ཡང་ མར་ཕབ་འབད་ནི་ལུ་ གཙོ་རིམ་སྒྲིག་སྟེ་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།

༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …

Leave a Reply

Your email address will not be published. Required fields are marked *