སྲིད་དོན་ཚོགས་པ་ཚུ་གིས་ རང་སོའི་འདེམས་ངོ་ཚུ་ གཏན་འཁེལ་བཟོ་ཡོདཔ།

༉ འབྲུག་ཕུན་སུམ་ཚོགས་པ་མ་གཏོགས་ སྲིད་དོན་ཚོགས་པ་ གཞན་༣ གྱིས་ འདེམས་ཁོངས་༤༧ ཆ་མཉམ་གྱི་ འདེམས་ངོ་ཚུ་ གཏན་འཁེལ་སོང་སྟེ་ཡོདཔ་ཨིན་པས།
སྒྲིག་གཞི་དང་འཁྲིལཝ་ད་ འགོ་ཐོག་བཙག་འཐུ་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ སྲིད་དོན་ཚོགས་པ་ཚུ་གིས་ རང་སོའི་འདེམས་ངོ་ཚུ་གི་ ངེས་མེད་མིང་ཐོ་ཚུ་དང་གཅིག་ཁར་ ངོ་སྦྱོར་ཡིག་ཆ་ཚུ་ འབྲུག་གི་བཙག་འཐུ་ལྷན་ཚོགས་ལུ་ བཙུགས་དགོཔ་ཨིན་པས།
སྤྱི་ལོ་༢༠༡༣ ལུ་ འབྲུག་ཀུན་མཉམ་ཚོགས་པ་གིས་ མགར་ས་རྫོང་ཁག་གི་ འདེམས་ཁོངས་༡ གི་ འདེམས་ངོ་མ་ཐོབ་མི་ལུ་བརྟེན་ འགོ་ཐོག་བཙག་འཐུ་ནང་ བཅའ་མར་གཏོགས་མ་ཚུགས་པས།
འབྲུག་ཕུན་སུམ་ཚོགས་པའི་ ཡོངས་ཁྱབ་དྲུང་ཆེན་ སངས་རྒྱས་ཕུར་པ་གིས་ སླབ་མིའི་ནང་ ད་རིས་ རྡོ་ཕུག་ཅན་-རྟ་སྡིངས་འདེམས་ཁོངས་ཀྱི་དོན་ལུ་ འདེམས་ངོ་ངོས་འཛིན་འབད་ཡོད་རུང་ ཚོགས་པའི་ཡོངས་ཁྱབ་དྲུང་ཆེན་གྱིས་ འདེམས་ངོ་གི་མིང་ གསལ་སྟོན་འབད་མ་བཏུབ།
ཁོ་གིས་འབད་བ་ཅིན་ ཚོགས་པ་གིས་ ཧཱ་སྦྱིས་- སྐར་ཚོགས་-དབུས་སུ་འདེམས་ཁོངས་དང་ མགར་ས་ཁ་སྟོད་-ལ་ཡ་གི་ འདེམས་ངོ་ཚུ་ཡང་ སྤྱི་ཟླ་༧ པའི་ཚེས་༢༦ ལུ་ གཏན་འཁེལ་སོང་ཡོདཔ་བཞིན་དུ་ ནངས་པར་ཚོགས་པའི་ཡོངས་ཁྱབ་ཚོགས་འདུ་ནང་ གཞུང་འབྲེལ་ཐོག་ ངོ་སྤྲོད་འབད་འོང་ཟེར་ཨིན་པས།
ཚོགས་འདུ་ནང་ འདེམས་ཁོངས་༤༦ གི་ འདེམས་ངོ་ཚུ་ ངོ་སྤྲོད་འབད་ནི་ཨིནམ་ད་ ལས་རིམ་དེ་ནང་ རྫོང་ཁག་༢༠ ལས་ ཚོགས་པའི་རྒྱབ་སྐྱོར་པ་དང་ འཐུས་མི་ཚུ་གིས་ བཅའ་མར་གཏོགས་ནི་ཨིན་པས།
ད་རེས་ཀྱི་ ཚོགས་འདུ་དེ་ཡང་ ཐེངས་༢ པ་ཨིནམ་བཞིན་དུ་ ཚོགས་པ་གིས་ ན་ཧིང་ སྤྱི་ཟླ་༩ པའི་ཡང་ ཐིམ་ཕུག་ལུ་ ཡོངས་ཁྱབ་ཚོགས་འདུ་ཅིག་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
ཡོངས་ཁྱབ་དྲུང་ཆེན་གྱིས་ སླབ་མིའི་ནང་ ཚོགས་འདུ་ནང་ ཚོགས་པའི་འཐུས་མི་ ལི་ལི་དབང་ཕྱུག་ཡང་ གཙོ་འཛིན་འོག་མ་སྦེ་ ཆ་འཇོག་འབད་ནི་ཨིནམ་ལས་ ཚོགས་པའི་ནང་ གཙོ་འཛིན་འོགམ་༣ འོང་ནི་ཨིནམ་ད་ ལི་ལི་དབང་ཕྱུག་དེ་ཡང་ དུས་ཅི་ བཀོད་ཁྱབ་ཚོགས་ཆུང་ནང་ གཙོ་འཛིན་འོགམ་སྦེ་ གདམ་འཐུ་འབད་ནུག།
གཙོ་འཛིན་འོགམ་ཚུ་ཡང་ མོང་སྒར་དགྲ་མེད་རྩེ་-སྔ་ཚང་གི་འཐུས་མི་ ཨོ་རྒྱན་དབང་འདུས་དང་ གཞལམ་སྒང་པཱན་སྦང་གི་འཐུས་མི་ རྡོ་རྗེ་དབང་འདུས་ཨིན་པས།
ད་རེས་ སྲིད་དོན་ཚོགས་པའི་ ཡོངས་ཁྱབ་ཞལ་འཛོམས་ཚུ་ཡང་ ཚོགས་པའི་ནུས་སྟོབས་ གསལ་སྟོན་འབད་ནི་གི་ ས་གོ་ཅིག་སྦེ་ གྱུར་ཏེ་ཡོདཔ་བཞིན་དུ་ འཕྲལ་ཁམས་ཅིག་ཁར་ འབྲུག་ཀུན་མཉམ་ཚོགས་པ་གིས་ རྒྱལ་གཞུང་འཛིན་སྐྱོང་སློབ་སྡེ་ནང་ ཡོངས་ཁྱབ་ཞལ་འཛོམས་ འགོ་འདྲེན་འཐབ་པའི་སྐབས་ མི་༦,༠༠༠ དེ་ཅིག་དང་ འབྲུག་མཉམ་རུབ་ཚོགས་པའི་ ཞལ་འཛོམས་ནང་ མི་༢,༠༠༠ ལྷགཔ་ཅིག་ སྤུངས་མཛོམས་འབད་ནུག།
འབྲུག་ཕུན་སུམ་ཚོགས་པའི་ འཐུས་མི་ཚུ་གིས་ སླབ་མིའི་ནང་ ཁོང་རའི་ཚོགས་པའི་ ཞལ་འཛོམས་ནང་ མི་༣,༠༠༠ དེ་ཅིག་ འཛོམས་ནི་གི་ རེ་བ་བསྐྱེད་དོ་ཟེར་ཨིན་པས།
མི་སེར་དམངས་གཙོ་ཚོགས་པའི་ འདེམས་ཁོངས་ཆ་མཉམ་གྱི་ འདེམས་ངོ་ཚང་སྟེ་ཡོདཔ་ད་ ཚོགས་པ་གིས་ སྤྱི་ཟླ་༧ པའི་ཚེས་༢༦ ལུ་ སྤ་རོ་རྡོ་དཀར་-ཤར་པ་འདེམས་ཁོངས་ཀྱི་འདེམས་ངོ་ ངོ་སྤྲོད་འབད་མི་དེ་མཇུག་ཨིན་པས།
ད་ཚུན་གྱི་བར་ན་ ཚོགས་པ་གིས་ ད་ལྟོ་ ཕྱག་ཞུ་བའི་བསྒང་ཡོད་མི་ འཐུས་མི་༡༣ ཚབ་བཙུགས་འབད་དེ་ ཡོད་མི་ཚུ་ཡང་ མང་ཤོས་ར་ ཞི་གཡོགཔ་ནང་ གལ་གནད་ཅན་གྱི་ གོ་གནས་འཆང་མི་ཚུ་ཨིན་པས།
རྒྱལ་ཡོངས་ཁྲིམས་བསྐྱར་ཞིབ་ལས་བྱེད་ཚོགས་སྡེ་གིས་ བཀོད་མི་དང་འཁྲིལཝ་ ཞི་གཡོགཔ་ཚུ་ སྲིད་དོན་ཚོགས་པ་ནང་ འཛུལ་ཞུགས་འབདཝ་ད་ དུས་ཚོད་ཅིག་ བཞག་དགོཔ་འདུག་ཟེར་ཨིནམ་ད་ དེ་ཡང་ སྲིད་དོན་ལས་ འབྲེལ་མེད་ཀྱི་ ཞི་གཡོགཔ་སྦེ་ སྡོད་ཚུགས་ནི་མས་ཟེར་ཨིན་པས།
ལྡོག་ཕྱོགས་ཚོགས་པ་གིས་ཡང་ ཞི་གཡོགཔ་ཚུ་ ལཱ་གཡོག་ནང་ལས་ དགོངས་ཞུ་འབདཝ་ཅིག་ སྲིད་ཚོགས་ནང་ འཛུལ་ཞུགས་འབདཝ་མས་ཟེར་ ཉོགས་བཤད་བཀོད་དེ་ཡོདཔ་ཨིན་པས།
འབྲུག་ཀུན་མཉམ་ཚོགས་པ་གིས་ ཚོགས་པའི་འདེམས་ངོ་༤༧ གི་ ངེས་མེད་མིང་ཐོ་ཚུ་ ཐག་བཅད་མི་གིས་མ་ཚད་པར་ སྤྱི་ཟླ་༧ པའི་ཚེས་༢༡ ལུ་ ཚོགས་པའི་ཡོངས་ཁྱབ་ཞལ་འཛོམས་ནང་ འདེམས་ངོ་ཆ་མཉམ་ ངོ་སྤྲོད་འབད་ཡོདཔ་བཞིན་དུ་ ཚོགས་པའི་ནང་ འདེམས་ངོ་ཚུ་ཡང་ ཉམས་མྱོང་དང་ ཤེས་ཚད་ཅན་ཚུ་ཡོད་ཟེར་ཨིན་པས།
ཚོགས་པའི་གཙོ་འཛིན་འོགམ་ བསོད་ནམས་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ ཁོ་རའི་ སྲིད་དོན་ཚོགས་པའི་ནང་ ཨམ་སྲུ་འདེམས་ངོ་བརྒྱ་ཆ་༡༥ དེ་ཅིག་ཡོད་པའི་ཁར་ ཚོགས་པའི་གཙོ་འཛིན་ དྲགོས་གནས་བརྟན་བཟང་མོ་ཡོད་མི་ལུ་བརྟེན་ ངལ་རངས་བྱུང་སྟེ་ཡོད་ཟེར་ཨིན་པས།
འབྲུག་ཀུན་མཉམ་ཚོགས་པ་གིས་ ཌོག་ཊར་སེངྒེ་རྣམ་རྒྱལ་དེ་ ཧེ་མ་ མཁར་-གཡུ་རུང་འདེམས་ཁོངས་ཀྱི་ འདེམས་ངོ་སྦེ་ ངོ་སྤྲོད་འབད་ཡོད་རུང་ ཤུལ་ལས་ དགོངས་ཞུ་ཡོདཔ་ལས་ ཚབ་བཙུགས་ཡོདཔ་ཨིན་པས།
བསོད་ནམས་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ འདེམས་ངོ་ཚུ་ལུ་ སྟབས་མ་བདེ་བའི་ གནས་སྟངས་ལུ་བརྟེན་ དགོངས་ཞུ་འབད་སོང་མི་ལུ་ ཚོགས་པ་གིས་ བང་བཙོང་ཐབས་མིན་འདུག་ཟེར་ཨིན་པས།
སྲིད་དོན་ཚོགས་པ་ཚུ་གི་གྲས་ལས་ འབྲུག་མཉམ་རུབ་ཚོགས་པ་གིས་ རྡོ་དཀར་-ཤར་པ་འདེམས་ཁོངས་ཀྱི་འདེམས་ངོ་ སྐྱེས་ལོ་༣༩ ལང་མི་ རྣམ་རྒྱལ་ཚེ་རིང་ངོ་སྤྲོད་འབད་དེ་ འདེམས་ངོ་༤༧ ག་ར་ ངོ་སྤྲོད་འབད་ཡོདཔ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

སྐྱེས་ལོ་༡༢ ཡན་ཆད་འབད་མི་ བུམོ་ཅིག་གིས་ ཨ་ལོ་སྐྱེས་ཡོདཔ།

༉ སྐྱེས་ལོ་༡༢ ཡན་ཆད་འབད་མི་ བུམོ་ཅིག་གིས་ ཨ་ལོ་སྐྱེས་ཡོད་མི་དེ་ལུ་ ཐིམ་ཕུག་ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་ཤུལ་ལས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ སྙན་ཞུ་འབད་མི་དེ་ ད་རེས་ནངས་པར་ ཁྲིམས་འདུན་ལུ་ རྩོད་བཤེར་འབད་བའི་བསྒང་ཨིན་པས། དེ་ཡང་ བུམོ་ཅིག་གིས་ སྤྱི་ལོ་༢༠༢༢ …

Leave a Reply

Your email address will not be published. Required fields are marked *