སྲིད་དོན་ཚོགས་པ་ཚུ་གི་ ཁས་བླངས་གསལ་བསྒྲགས་ཚུ་ལུ་ ནན་ཞིབ་ཐོག་ ཐག་བཅད་དགོཔ།

༉ སྤྱི་ཟླ་༨ པའི་ཚེས་༡༧ ལུ་ འབྲུག་མངའ་བདག་རྒྱལ་པོ་མཆོག་གིས་ སྤྱི་ཚོགས་༣ པའི་རྒྱལ་ཡོངས་ཚོགས་འདུའི་ འགོ་ཐོག་དང་ སྤྱིར་བཏང་བཙག་འཐུ་ཚུ་ འགོ་འདྲེན་འཐབ་དགོ་པའི་ བཀའ་ཤོག་གནང་མི་དང་བསྟུན་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ བཙག་འཐུའི་ཚེས་གྲངས་ཚུ་ གསལ་བསྒྲགས་འབད་ཡི།

དེ་འབདཝ་ལས་ ཉིན་གྲངས་༢༥ འི་རྒྱབ་ལས་ ཚོགས་རྒྱན་བསྐྱུར་ནིའི་ ཁྱད་ཚད་ལྡན་མི་ཚུ་ རྒྱལ་ཁབ་ནང་འཁོད་ཀྱི་ ཚོགས་རྒྱན་ས་ཁོངས་༨༦༥ ནང་ འགོ་ཐོག་བཙག་འཐུའི་ ཚོགས་རྒྱན་བཙུགས་པར་ འགྱོ་ནི་ཨིན་མས།

བཙུག་འཐུ་ལྷན་ཚོགས་ཀྱིས་ འགོ་ཐོག་བཙག་འཐུའི་ཚེས་གྲངས་དེ་ སྤྱི་ཟླ་༩ པའི་ཚེས་༡༥ ལུ་ འགོ་འདྲེན་འཐབ་ནི་སྦེ་ གསལ་བསྒྲགས་འབད་ཡོདཔ་བཞིན་དུ་ དེ་བསྒང་ ཚོགས་རྒྱན་བཙུགས་མི་ཚུ་གིས་ སྲིད་དོན་ཚོགས་པ་ཚུ་གི་ ལས་རྟགས་ཚུ་ལུ་བལྟ་སྟེ་ རང་སོའི་ནོར་བུ་དང་འདྲ་བའི་ ཚོགས་རྒྱན་བཙུགས་ཐོག་ལས་ སྤྱི་ཟླ་༡༠ པའི་ཚེས་༡༨ ལུ་ འགོ་འདྲེན་འཐབ་ནི་ཨིན་མི་ སྤྱིར་བཏང་བཙག་འཐུ་ནང་ དོ་འགྲན་འབད་མི་ སྲིད་ཚོགས་༢ བཙག་འཐུ་འབད་ནི་ཨིན་མས།

སྲིད་དོན་ཚོགས་པ་ཚུ་གི་ གཙོ་འཛིན་དང་ འདེམས་ངོ་ཚུ་གིས་ ནངས་པ་ལས་འགོ་བཙུགས་ རྫོང་ཁག་དང་ འདེམས་ཁོངས་ཚུ་ནང་ འགྱོ་ཐོག་ལས་ ཚོགས་རྒྱན་བཙུགས་མི་ཚུ་དང་ཕྱད་དེ་ ཁས་བླངས་གསལ་བསྒྲགས་དང་ ཁོང་ལུ་ ཚོགས་རྒྱན་བཙུགས་དགོ་པའི་ སྐུལ་བསྒྲགས་འབད་ནི་ཨིན་མས།

སྐུལ་བསྒྲགས་ཀྱི་སྐབས་ལུ་ སྲིད་དོན་ཚོགས་པ་ཚུ་གིས་ མི་སེར་ལས་ ཚོགས་རྒྱན་དགོ་ནིའི་དོན་ལུ་ སྲིད་དང་འབྲེལ་བའི་ ཐབས་བྱུས་སྣ་ཚོགས་ ལག་ལེན་འཐབ་སྟེ་ རྒྱུད་སྐུལ་དང་ སེམས་ལྷུ་ཐབས་འབད་ནི་ཨིནམ་ལས་ རྫོང་ཁག་༢༠ འི་འདེམས་ཁོངས་༤༧ ནང་ ནངས་པ་ལས་འགོ་བཙུགས་ འགོ་ཐོག་བཙག་འཐུའི་ ཚོགས་རྒྱན་གྱི་ཉིནམ་ མ་རན་ཚུན་ཚོད་ སྲིད་དོན་གྱི་ འབྲེལ་གནད་ཁྱབ་ཆེར་དང་ འུར་བྱེལ་ཤུགས་སྦེ་ར་ལང་འོང་།
དེ་དང་གཅིག་ཁར་ སྲིད་དོན་པ་ཚུ་གིས་ ཚོགས་རྒྱན་དགོ་ནིའི་དོན་ལུ་ གཡུས་སྒོ་བཤལ་ཏེ་ གྲོང་ཁྱིམ་ཚུ་གི་ སྒོ་བརྡུང་སྟེ་ ཁས་བླངས་འདྲ་མ་འདྲཝ་ཚུ་ འབད་ནི་དང་ ལ་ལོ་ཅིག་གིས་ ང་བཅས་རའི་གདོང་ཁར་ དགའ་འཛུམ་སེག་སེ་སྦེ་ ཐོན་པའི་བསྒང་ལས་ང་བཅས་ར་ དྲནམ་ཐེབས་མ་བཏོན་པ་ཅིན་ སྲིད་དོན་གྱི་དབང་ལུ་ འཇམ་ཏོང་ཏོ་སྦེ་ ཞུགས་ནི་གི་ ཉེན་ཁ་ཡོད།

ང་བཅས་ཀྱིས་ སེམས་ཁར་བཞག་དགོཔ་ ག་ཅི་ཡོདཔ་ཨིན་ན་ཟེར་བ་ཅིན་ སྲིད་དོན་གྱི་ འདེམས་ངོ་ཚུ་གིས་ ང་བཅས་ལས་ ཚོགས་རྒྱན་ཐོབ་ཐབས་ལུ་ ཐབས་ལམ་ག་ཅི་བཟུམ་ར་ བཏོན་ནི་དང་ ཁོང་རའི་ སྲིད་ཚོགས་ཀྱིས་འབད་རུང་ ཚོགས་རྒྱན་བསྐྱུར་མི་ཚུ་གི་ སེམས་འགྱུར་ཐབས་ལུ་ ཐབས་བྱུས་སྣ་ཚོགས་ཀྱི་སྒོ་ལས་ སེམས་ལྷུ་ནི་ལུ་ འབད་རྩོལ་བསྐྱེད་ནི་ཨིནམ་ལས་ འདི་བཟུམ་མའི་ ཨུ་ཚུགས་དང་ ལྷུ་ཐབས་འབད་རུང་ རང་སོའི་ཀུན་སྤྱོད་རྣམ་གཞག་ལུ་ གཙོ་རིམ་བཟུང་སྟེ་ རྒྱལ་ཁབ་ཀྱི་དོན་ལུ་ ཕན་ཐོགས་དང་ ལེགས་ཤོམ་ག་ཅི་ཨིན་ན་ རང་གིས་ར་ ཐག་བཏོག་དགོ།

དེ་གི་དོན་ལུ་ སྲིད་དོན་ཚོགས་པ་ཚུ་གི་ ལྟ་བ་དང་ ཁས་བླངས་གསལ་བསྒྲགས་ཚུ་གིས་ རྒྱལ་ཁབ་དང་ མི་སེར་གྱི་ འཕྲལ་ཕུགས་གཉིས་ཆ་རའི་ མཐའ་དོན་ཚུ་ སེལ་ཚུགས་མི་ཚུགས་དང་ ཕན་ཁྱད་ཡོད་མེད་ ལེགས་ཤོམ་སྦེ་ ནན་ཞིབ་འབད་བའི་ཤུལ་ལུ་ རང་གི་ལག་པར་ ནོར་བུ་ཕུད་རྡོག་གཅིག་ཡོད་མི་དེ་ སྲིད་ཚོགས་ག་ལུ་ བཙུགས་ནི་ཨིན་ན་ ཐག་བཅད་དགོ།

སྲིད་ཚོགས་ཚུ་གིས་ ཁས་བླངས་གསལ་བསྒྲགས་འབད་བའི་སྐབས་ལུ་ ཚོགས་རྒྱན་བསྐྱུར་མི་ཚུ་གི་ཧོངས་ལས་ གཡང་ཟ་བག་ཟ་ག་ནི་ཡང་མེད་པར་ དྲི་བ་བཀོད་དེ་ ཁ་སྐམ་གྱི་ ཁས་བླངས་མེན་པར་ དོན་སྨིན་དང་ བཅུད་དོན་ཡོདཔ་སྦེ་ སླབ་བཅུག་དགོཔ་བཞིན་དུ་ ཁོང་གི་ ཁས་བླངས་ཚུ་ལུ་བརྟེན་ ང་བཅས་ཀྱི་ ཚོགས་རྒྱན་ཤོར་བཅུག་ནི་མི་འོང་།
དེ་གིས་མ་དོ་བར་ སྲིད་དོན་པ་ཚུ་གིས་ སྐུལ་བསྒྲགས་དང་ ཁས་བླངས་འབད་མི་ཚུ་ལས་ལྷག་སྟེ་ བསམ་ཞིབ་འབད་དགོཔ་མ་ཚད་ མི་སྡེ་བརྡ་བརྒྱུད་དང་ སྲིད་ཚོགས་ཀྱི་ ཡོངས་འབྲེལ་འཆར་སྒོ་ཚུ་ནང་ གསལ་བཀོད་འབད་མི་ཚུ་ལུ་ ཡིད་ཆེས་མ་བསྐྱེད་པའི་ཧེ་མ་ བརྟག་ཤིང་དཔྱད་དགོཔ་དེ་ཡང་གལ་ཆེ།

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *