སྲིད་དོན་པ་ཚུ་གིས་ གསོ་བ་དང་འབྲེལ་བའི་ གདོང་ལེན་ཚུ་ སེལ་ཚུགས་ནི་ཨིན་ན?

༉ ད་རེས་ནངས་པར་ རྒྱལ་ཁབ་ནང་འཁོད་ལུ་ མི་མང་ལས་སྡེ་ཚུ་ནང་ མི་སྟོབས་ལངམ་མེད་མི་ལུ་ གོ་སྐབས་ལེན་ཐོག་ལས་ སྲིད་དོན་པ་ཚུ་གིས་ གཞི་རྟེན་མཐུན་རྐྱེན་ མ་བཏུབ་བཏུབ་སྦེ་ གཞི་བཙུགས་འབད་ནིའི་ ཁས་བླངས་འབད་དེ་ ཚོགས་རྒྱན་སྐྱུར་མི་ཚུ་གི་ སེམས་ལྷུ་བའི་བསྒང་ཨིན་མས།

ཐིམ་ཕུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ གསོ་བའི་ལས་བྱེདཔ་ ལངམ་མེད་པའི་ གདོང་ལེན་བྱུང་སྟེ་ཡོད་མི་དེ་ཡང་ སྨན་གཡོགམོ་ལས་ཁུངས་ནང་ སྨན་གཡོགམོ་༡༧༣ དེ་ཅིག་ དགོཔ་ཡོད་པའི་ཁར་ མིག་ཏོ་སྨན་བཅོས་ལས་ཁུངས་ནང་ མིག་ཏོ་མཁས་མཆོག་ཕུག་རྡོག་གཅིག་ལས་བརྒལ་མིན་འདུག།

འདི་བཟུམ་མའི་ གདོང་ལེན་ཡོད་མི་ལུ་ བལྟ་བ་ཅིན་ རྒྱལ་ཡོངས་གནས་རིམ་ནང་ གསོ་བའི་མཁས་མཆོག་དང་ སྨན་བཅོས་མཁོ་ཆས་ཚུ་ ལངམ་མེད་པའི་ དཀའ་ངལ་སྦོམ་སྦེ་ར་ འོང་སྲིད་ནི་ཨིན་མས།

ལུང་ཕྱོགས་སྨན་ཁང་ཚུ་ནང་ འཕྲུལ་ཆས་གསར་རྙིང་གཉིས་ཆ་ར་ མེདཔ་ཐལ་བའི་ ནམ་དུས་ལུ་ རྒྱལ་ཁབ་ཀྱིས་ མི་མང་ལུ་ སྨན་བཅོས་ཞབས་ཏོག་ དམིགས་བསལ་ཐོག་ མཁོ་སྤྲོད་འབད་ཐབས་ལུ་ སྨན་ཁང་གསརཔ་ བཟོ་སྐྲུན་འབད་དོ་ཡོདཔ་ད་ སྒོ་འབྱེད་འབད་མི་ སྨན་ཁང་གསརཔ་ཚུ་ ད་ལྟོ་ ལག་ལེན་འཐབ་ནི་ འགོ་མ་བཙུགས་པར་ ཡོད་པའི་ཁར་ ནད་བཀག་སྨན་ཁབ་གསརཔ་ཚུ་ གཞི་བཙུགས་འབད་ཡོད་རུང་ ད་ལྟོ་ ལག་ལེན་འགོ་མ་བཙུགས་པར་འདུག།

ང་བཅས་ཀྱི་ གནས་སྟངས་ནང་འབད་བ་ཅིན་ སྨན་ཁབ་གསར་བཏོན་འབད་ཞིནམ་ལས་ ནད་རིགས་བཀག་ཐབས་ཀྱི་ ཕན་ནུས་བརྟག་ཞིབ་འབད་ནི་ འགོ་བཙུགས་དོ་བཟུམ་ སྨན་ཁང་གསརཔ་ཚུ་ སྒོ་འབྱེད་འབད་བའི་ཤུལ་ལུ་ འཕྲོ་མཐུད་དེ་ར བཟོ་སྐྲུན་འབདཝ་ཨིན་མས།

སྤྱིར་བཏང་བཙག་འཐུའི་དོན་ལུ་ དོ་འགྲན་འབད་མི་ སྲིད་ཚོགས་གཉིས་ཆ་ར་གིས་ རྒྱལ་ཁབ་ནང་འཁོད་ལུ་ ཁྱད་རིག་ཅན་གྱི་ གསོ་བའི་ལས་བྱེདཔ་ཚུ་ བགོ་བཀྲམ་ཐོག་ གསོ་བའི་ལྟེ་བ་མངམ་ བཙུགས་ནི་གི་ ཁས་བླངས་འབད་དོ་ཡོདཔ་ལས་ མི་ལ་ལོ་ཅིག་ལུ་ དོགས་པ་ཡོད་མི་དེ་ཡང་ སྲིད་དོན་པ་ཚུ་གིས་ ཚོགས་རྒྱན་འཐོབ་ནིའི་དོན་ལུ་ ཕུགས་ཀྱི་མནོ་བསམ་མ་བཏང་པར་ ག་ཐོབ་སྦེ་ ཁས་བླངས་འབད་ནི་དེ་གིས་ཨིན་མས།

ང་བཅས་ཀྱི་ སྲིད་དོན་པ་ཚུ་གིས་ ད་ལྟོ་ཡོད་མི་ གསོ་བའི་མཐུན་རྐྱེན་དང་ གདོང་ལེན་ཚུ་ལུ་བལྟ་སྟེ་ ཁས་བླངས་གསལ་བསྒྲགས་འབད་ནི་དེ་གལ་ཆེ། ག་འཆརཔ་ཟེར་བ་ཅིན་ གསོ་བའི་དྲུང་འཚོ་ཅིག་ སྦྱོང་བརྡར་འབད་དགོ་པ་ཅིན་ ལོ་༧ འགོརཝ་ཨིན་རུང་ བཙག་འཐུ་གྲུབ་མི་གཞུང་གི་ གནས་ཡུན་དེ་ ལོ་ངོ་༥ རྐྱངམ་གཅིག་ཨིནམ་ལས་ ཁས་བླངས་འགྲུབ་ནི་གི་ འོས་འབབ་ཅིག་ མི་མཐོངམ་མས།

འདི་བཟུམ་མའི་ དཀའ་ངལ་བྱུང་མི་དེ་ གཙོ་བོ་ར་ མི་སྟོབས་དང་ དངུལ་འབྲེལ་ལུ་བརྟེན་ཨིནམ་ད་ དེ་ཚུ་ ག་དེ་སྦེ་ སེལ་ཐབས་འབད་ནི་ཨིན་ན་ མི་མང་རྩོད་བསྡུར་སྐབས་ སྲིད་དོན་པ་ཚུ་གིས་ ཐབས་ལམ་བཏོན་དགོཔ་མ་ཚད་ རྩ་ཕན་གཅིག་གིས་གཅིག་ལུ་ མི་མང་འཕྲོད་བསྟེན་ཞབས་ཏོག་དེ་ ཡུན་བརྟན་ག་དེ་སྦེ་ བཟོ་ཚུགས་ནི་ཨིན་ན་ དྲི་བཀོད་འབད་དགོ།

ད་རེས་ནངས་པར་ གསོ་བའི་སྨན་བཅོས་ཞབས་ཏོག་ལུ་ མི་མང་ལས་ བློ་གཏད་ཡིད་ཆེས་མར་ཉམས་འགྱོ་བའི་ ནམ་དུས་ལུ་ སྲིད་དོན་པ་ཚུ་གི་ཧོངས་ལས་ གཅིག་གིས་གཅིག་ལུ་ དམའ་ཕབ་རྐྱབ་ནི་དང་ དཀའ་ངལ་སེལ་ནིའི་ ཐབས་ལམ་བཏོན་དགོཔ་འདུག།

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *