སྲིད་དོན་ནང་ གཅིག་མཐུན་བསམ་སྤྱོད་བཟང་པོ་ སྟོན་པའི་མངོན་གསལ།

༉ ད་རེས་ནངས་པ་ སྲིད་དོན་ཚོགས་པའི་འཐུས་མི་དང་ ཚོགས་པའི་རྒྱབ་སྐྱོར་པ་ཚུ་གིས་ ཁོང་རའི་ སྲིད་འབྲེལ་བྱང་ཕྱད་ཚུ་ལུ་ ཁོང་ཁྲོ་ལང་བཅུག་པའི་གཏམ་ངན་དང་ ངལ་མ་རངས་པའི་ ལོ་རྒྱུས་ཚུ་སླབ་སྟེ་ བཙག་འཐུའི་བྱ་རིམ་ནང་ མགུ་འཐོམ་སི་སི་དང་ གནས་སྟངས་ཚབས་ཆེན་ཅིག་ལུ་ ཐུགཔ་ཨིན་རུང་ ལ་ལོ་ཅིག་གིས་ འོས་འབབ་དང་ལྡན་པའི་ ལོ་རྒྱུས་ཚུ་སླབ་པའི་ཁར་ བསམ་སྤྱོད་བཟང་པོ་སྟོན་པའི་ མངོན་གསལ་བྱུངམ་ཨིན་པས།

མ་གཞི་ སྤྱིར་སྙོམས་འཛོམས་འདུ་ཚུ་ ཁྱད་རིག་ཅན་དང་ ཕན་ཚུན་གྱི་གནས་སྟངས་དང་བསྟུན་ཏེ་ དང་ལེན་ཐོག་ལས་ གྲུབ་འབྲས་བཏོན་དགོཔ་ཅིག་ཨིན་རུང་ རྩོད་འགྲན་ལས་རིམ་ཚུ་ གཞི་བཀོད་ཐོག་ལུ་མ་བཟོ་བར་ འདེམས་ངོ་དང་ སྲིད་ཚོགས་ཀྱི་ ངོ་ཚབ་ཚུ་གིས་ ཁོང་རའི་ གོང་འཕེལ་འཆར་གཞི་དང་ ཁས་བླངས་ཚུ་ མི་སེར་ཚུ་ལུ་ སེམས་འཚུབ་ཐོག་ལུ་མེན་པར་ གོ་བ་འཇམ་ཏོང་ཏོ་སྦེ་ སྤྲོད་དགོཔ་ཨིན།

གཅིག་ལས་བལྟ་བ་ཅིན་ སྲིད་དོན་ཚོགས་པའི་ངོ་ཚབ་ཚུ་དང་ སྤྱིར་སྙོམས་རྩོད་བསྡུར་ནང་ ཚོགས་པའི་ལྟ་བ་དང་ གཞི་རྩ་ ཁས་བླངས་གསལ་བསྒྲགས་ཚུ་ ཉན་ནི་དང་ གདམ་ཁ་རྐྱབ་པར་འོང་མི་ ཚོགས་རྒྱན་བཙུགས་མི་༢ ཆ་ར་གིས་ བཙག་འཐུའི་སྐབས་ལུ་ ཨ་རྟག་དང་མ་འདྲ་བའི་ བསམ་བཀོད་དང་ ངོས་ལེན་ཚུ་འབད་དགོཔ་ལས་ འཕྲལ་འཕྲལ་དབུགས་འགམ་བྱུང་དོ་ཡོདཔ་ཨིན་མས།

སྲིད་ཚོགས་༤ པོ་ཆ་ར་ ཁོང་རའི་རེ་འདོད་དང་ ཁས་བླངས་ཚུ་ མ་འདྲཝ་སྦེ་ཡོདཔ་ཨིན་རུང་ ང་བཅས་ར་ཆ་མཉམ་ འབྲུག་པའི་མི་ཁུངས་ཅིག་འབད་ནི་དེ་གིས་ མཐར་ཐུག་གི་ ཕན་གནོད་ཆེ་བའི་དམིགས་གཏད་ཚུ་ཡང་ ཧ་ལམ་ ཆ་འདྲ་སུ་འཚམས་ཅིག་འདུག།

ཨིན་རུང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་ཚུ་གིས་ ཚོགས་པ་ག་གིས་ འོས་འབབ་དང་མ་ལྡན་པའི་ཁར་ ཚད་ལས་བརྒལ་བའི་ ཁས་བླངས་གསལ་བསྒྲགས་འབདཝ་ཨིན་ན་ ཤེས་རྟོགས་བྱུང་མི་ལུ་བལྟ་བ་ཅིན་ ང་བཅས་རའི་ ཚོགས་རྒྱན་བཙུགས་མི་ཚུ་གིས་ཡང་ དམངས་གཙོའི་རིང་ལུགས་སྐོར་ལས་ ཧ་གོ་བའི་ བརྡ་མཚོན་སྟོནམ་ཨིན་མས།

ཨིན་རུང་ གཞུང་སྐྱོང་ཚོགས་པ་དང་ ལྡོག་ཕྱོགས་ཚོགས་པ་ གདམ་ཁ་མ་རྐྱབ་ཚུན་ འཕྲོ་མཐུད་དེ་ར་ མ་བདེན་པའི་ལོ་རྒྱུས་ཚུ་སླབ་ནི་དང་ གཅིག་གིས་གཅིག་ལུ་ ཉེས་འཛུགས་འབད་ནི་ཨིནམ་ལས་ ཚོགས་རྒྱན་བཙུགས་མི་ཚུ་གིས་ བདེན་རྫུན་དབྱེ་དཔྱད་འབད་ནིའི་ འགན་ཁུར་འབག་དགོཔ་ཨིན།

ལྟ་རྟོག་པ་ཚུ་གི་བསམ་ཚུལ་ལས་ སྲིད་དོན་ཁག་དབྱེ་ནི་དང་ ཚབས་ཆེན་གནད་དོན་ཚུ་ ཐོན་ཐངས་ལུ་ལྟཝ་ད་ ང་བཅས་རའི་ མི་སྡེ་ནང་ དམངས་གཙོའི་ལམ་ལུགས་ ར་བཏགས་དོ་ཡོད་པའི་ མནོ་ལུགས་བྱུང་དོ་ཡོདཔ་ཨིན་རུང་ ང་བཅས་རའི་ཐད་ཁར་ འཆར་གཞི་གོང་འཕེལ་དང་ དམངས་གཙོའི་ལམ་ལུགས་དེ་ ལེགས་པའི་ལམ་ཕྱོགས་ལུ་ ངེས་བརྟན་བཟོ་དགོཔ་འདུག་ཟེར་ མནོཝ་ཨིན་མས།

འགོ་ཐོག་བཙག་འཐུ་ནང་ སྲིད་ཚོགས་ག་དེམ་ཅིག་གིས་ དོ་འགྲན་འབད་རུང་ སེམས་ཁར་ངེས་དགོཔ་གཙོ་བོ་ར་ མ་བདེན་པའི་བློ་དང་ བརྡབ་གསིག་ འཇིགས་སྐུལ་ དེ་ལས་ ངན་པའི་བརྡ་འཕྲིན་ཐོག་ལས་ ང་བཅས་རའི་ མི་སྡེ་ཚུ་ ཁག་དབྱེ་བཅུག་ནི་མི་འོང་།

ད་ལྟོ་ མི་མང་གི་ས་ཁོངས་ནང་ ཐོན་བཞིན་དུ་ཡོད་པའི་ དཀའ་ངལ་ཚུ་ བར་བཀག་འབད་ནི་དང་ སེལ་ཐབས་འབད་ནིའི་དོན་ལུ་ འགན་འཁྲི་བཀལ་ཏེ་ཡོད་མི་ ཡིག་ཚང་ཚུ་གིས་ ཡུན་མ་རིང་པར་ ངོས་ལེན་གང་དྲག་མ་འབད་བ་ཅིན་ མི་ཚུ་གིས་ འབྲེལ་ཡོད་ཡིག་ཚང་ལུ་ བློ་གཏད་ཡིད་ཆེས་མེདཔ་ཐལ་ནི་དང་ མི་མང་གིས་ སྐྱོན་བརྗོད་འབད་ནིའི་ ཉེན་ཁ་འདུག།

ཉིནམ་དག་པ་ཅིག་གི་ཧེ་མར་ དབང་འདུས་ཨ་ཐང་ཐད་ཚོ་འདེམས་ཁོངས་ཀྱི་ ཚོགས་པའི་ངོ་ཚབ་༤ པོ་ཆ་ར་ རྩོད་བསྡུར་འབད་ཚར་ཞིནམ་ལས་ ཉིན་མའི་ལྟོ་བཟའ་ནིའི་དོན་ལུ་ གཅིག་ཁར་འཛོམས་སྡོད་མི་ལུ་ལྟ་སྟེ་ མི་ཚུ་སེམས་དགའ་མི་དེ་ཡང་ སྲིད་འབྲེལ་གནད་དོན་ལུ་བརྟེན་ ཁག་དབྱེ་འགྱོ་མི་ཚུ་ལུ་ གཅིག་མཐུན་དང་ གཅིག་སྒྲིལ་སྒོ་ལས་ དཔེ་བཟང་པོ་སྟོན་ནི་དེ་གིས་ཨིན།

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *