༉ རིག་འཛིན་སྒྲོལ་མ་དང་ གཡུས་ཁའི་མི་ཚུ་གིས་ རང་ལུགས་ཀྱི་གྱོན་ཆས་ཚུ་ ཚུལ་མཐུན་བགྱོན་ཐོག་ལས་ དུས་ཡུན་ཆུ་ཚོད་དག་པ་ཅིག་གི་རིང་ ཉི་མའི་ནང་ སྒུག་སྡོད་མི་དེ་ཡང་ ཁོང་གི་གཡུས་ཚན་ནང་ དམིགས་བསལ་གྱི་མགྱོནམ་ ཇ་པཱན་གྱི་སྲསམོ་ མ་ཀོ་མཆོག་ བྱོན་པའི་སྐབས་ མཇལ་ཕྲད་ཞུ་ནིའི་དོན་ལུ་ཨིན་པས།
གཡུས་ཚན་དེ་ནང་ ཧེ་མ་ དེ་བཟུམ་མའི་ ཕྱི་ཁའི་མགྱོནམ་རྩ་ཅན་ ག་ཡང་མ་བྱོནམ་ལས་ གཡུས་མི་ཚུ་ ཆ་མཉམ་ར་ སེམས་དགའ་སྟེ་ སྡོདཔ་ཨིན་པས།
སྤ་རོ་ ལམ་གོང་རྒེད་འོག་ ཆུ་ཁ་གཡུས་ཚན་ལས་ ཨམ་ཚེ་རིང་གིས་ དྲོ་པ་ལས་ གཡུས་མི་ཚུ་དང་གཅིག་ཁར་ འཁོར་ལམ་ཁར་ ཐོན་སྡོད་པའི་ཤུལ་ལུ་ སྲསམོ་མ་ཀོ་མཆོག་ མཇལ་ཚུགས་ནི་དེ་གིས་ ལྷག་པར་དུ་ སེམས་དགའ་ཡི་ཟེར་ཨིན་པས།
གཡུས་མི་ཚུ་གིས་ སླབ་མིའི་ནང་ སྲསམོ་མ་ཀོ་མཆོག་གིས་ གྲོང་གསེབ་ཀྱི་ མགྱོན་ཁྱིམ་ནང་ བྱོན་ཡོད་མི་དེ་ ཡ་མཚན་ཆེ་ཏོག་ཏོ་ཅིག་ཨིནམ་ལས་ མཇལ་དགོ་མནོ་རུང་ ཉེན་སྲུང་གི་དོན་ལུ་ ནང་ན་བཏང་མི་བཏུབ་པས་ཟེར་ཨིནམ་ད་ ཨིན་རུང་ ཕྱི་ཁར་སྦེ་ མཇལ་ཚུགས་ནི་དེ་གིས་ སེམས་དགའ་ཡི་ཟེར་ཨིན་པས།
ཧེ་མ་ དྲགོས་ནི་ཤོ་ཀ་དང་གཅིག་ཁར་ ལཱ་འབད་མི་ ད་ལྟོ་ སྤ་རོ་རྫོང་ཁག་གི་ སོ་ནམ་འགོ་དཔོན་ དབང་འདུས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ དྲགོས་མཆོག་ ལཱ་རྩ་འགེངས་འབད་མི་ཅིག་ ཨིན་ཟེར་ཨིན་པས།
ཁ་ཙ་ ཉིནམ་གཅིག་ར་ སྲསམོ་གིས་ སྤ་རོ་ལུང་གཤོང་ནང་ཡོད་པའི་ རྫོང་གཞིས་དང་ གནས་ཆེན་ཚུ་ནང་ གཟིགས་སྐོར་གནང་མི་དང་འབྲེལ་ ཆུ་ཁ་གཡུས་ཚན་གྱི་ གྲོང་གསེབ་མགྱོན་ཁྱིམ་ནང་ཡང་ གཟིགས་སྐོར་གནང་ཡི།
སྲསམོ་མཆོག་གིས་ དྲོ་པ་ ཇ་པཱན་གྱི་ འཕྲུལ་ཆས་བཀྲམ་སྤེལ་འབད་ས་ སོ་ནམ་འཕྲུལ་རིག་མཉམ་འབྲེལ་ཚད་འཛིན་ནང་ བྱོན་པའི་སྐབས་ སོ་ནམ་དང་ ནགས་ཚལ་བློན་པོ་ ཡེ་ཤེས་རྡོ་རྗེ་གིས་ ཕེབས་བསུ་ཞུ་ཡི།
དེ་མ་ཚད་ སྲསམོ་མཆོག་གིས་ རྒྱལ་ཁབ་ནང་ ཡོངས་གྲགས་ལུ་ དྲགོས་ནི་ཤོ་ཀ་ཟེར་མིའི་ རྗེས་དྲན་ལུ་ བཞེངས་ཡོད་པའི་ ནི་ཤོ་ཀ་མཆོད་རྟེན་ཡོད་སར་ བྱོན་གནང་ཡི།
དྲགོས་ནི་ཤོ་ཀ་དེ་ ཇ་པཱན་གྱི་ མི་ཁུངས་ཨིན་རུང་ རྒྱལ་ཁབ་ནང་ སོ་ནམ་གྱི་ འཕྲུལ་རིག་ཐོག་ལས་ འབྲུག་མི་ཚུ་ལུ་ གྲོགས་རམ་འབད་མི་ ཕྱི་མི་དང་པ་ཨིན་པའི་ཁར་ ཁོ་གིས་ རྒྱལ་ཁབ་ནང་ ཡུན་རིངམོ་སྦེ་ ཕྱག་ཞུ་བའི་ངོས་འཛིན་ལུ་ དྲགོས་ཀྱི་གོ་གནས་ གནང་ཡོདཔ་ཨིན་པས།
ཆུ་ཁ་གཡུས་ཚན་གྱི་ གྲོང་ཁྱིམ་ཚུ་ནང་ གཟིགས་སྐོར་གནང་པའི་སྐབས་ གཡུས་ཚན་ནང་ ཇ་པཱན་གྱི་ འཕྲུལ་གླང་ལག་ལེན་འཐབ་སྟེ་ འཛུགས་སྐྱོང་འབད་དེ་ཡོད་པའི་ འབྱ་ཞིང་ཨེ་ཀར་ལས་བཅད་དེ་ ཡོད་མི་ཚུ་ལུ་ གཟིགས་ཞིབ་གནང་ཡི།
ཕྱི་རུ་ཁམས་ཅིག་ཁར་ སྲསམོ་མཆོག་གིས་ སྤ་རོ་རྫོང་ནང་བྱོན་ཏེ་ དཀར་མེ་ཕུལ་ཡོདཔ་མ་ཚད་ ལྟག་རྗོང་ནང་ཡང་ བྱོན་ཡོདཔ་ད་ ཉིན་གྲངས་༧ གྱི་རིང་ རྒྱལ་ཁབ་ནང་བྱོན་མི་ སྲསམོ་མཆོག་གིས་ ད་རིས་ སྤ་རོ་སྟག་ཚང་ལུ་ འབྱོན་ནི་ཨིན་པས།
གཡུས་མི་ཚུ་གིས་ བཤད་མིའི་ནང་ སྲསམོ་མ་ཀོ་མཆོག་ འབྲུག་པའི་མི་བཟུམ་སྦེ་ མཇལཝ་མ་ཚད་ རང་ལུགས་ཀྱི་ཁྱིམ་ཚུ་ལུ་ སྤྲོ་བ་བསྐྱེད་སར་མཐོངམ་ད་ སེམས་དགའ་ཡི་ཟེར་ཨིན་པས།
རིག་འཛིན་སྒྲོལ་མ་དང་ ཆ་རོགས་ཚུ་གིས་ སྲསམོ་མ་ཀོ་མཆོག་ ལོག་མ་བྱོན་ཚུན་ མཇལ་ནིའི་དོན་ལུ་ འཁོར་ལམ་ཚུན་ རྟིང་བདའ་འོང་བའི་ཤུལ་ལས་ རྒྱབ་ཐལ་ཏེ་ སྐར་མ་དག་པ་ཅིག་གི་ཤུལ་ལས་ དགའ་འཛུམ་དང་བཅསཔ་སྦེ་ གཡུས་ཁར་འགྱོ་སར་ མཐོངམ་ཨིན་པའི་གནས་ཚུལ།
སྤ་རོ་ལས་ བཀྲིས་བསྟན་འཛིན།