༉ སྤྱི་ཟླ་༦ པའི་ཚེས་༡ ལུ་ རྒྱལ་ཁབ་ནང་ཕེབས་མི་ ཇ་པཱན་གྱི་ ཨ་ཀི་ཤི་ནོའི་སྲསམོ་ མ་ཀོ་གིས་ ཁ་ཙ་ བཀྲིས་ཆོས་རྫོང་གི་ གསེར་ཁྲི་ཁང་བཟང་ནང་སྦེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ སྐུ་མདུན་ལུ་ བཅར་བའི་ཤུལ་ལས་ གླིང་ཀ་ན་ཕོ་བྲང་ནང་སྦེ་ མི་དབང་རྒྱལ་བཙུན་རྣམ་༢ ཀྱིས་ ཇ་པཱན་གྱི་སྲསམོ་ལུ་ ཉིན་མའི་གསོལཝ་གནང་ཡི།
ཇ་པཱན་གྱི་རྒྱལ་ཆེན་ ཨ་ཀི་ཧི་ཏོ་གི་ དི་བུམོ་སྦོམ་ཤོས་ཨིན་མི་ སྲསམོ་མ་ཀོ་གིས་ གསུངས་མིའི་ནང་ མོ་ར་ སྐྱེས་ལོ་༥ ལངམ་ད་ར་ འབྲུག་ལུ་ འོང་ནི་གི་ མནོ་བསམ་བཏང་སྡོད་ཅི་ཟེར་ཨིནམ་ད་ མོ་རའི་ཡབ་ཡུམ་ ཨ་ཀི་ཤི་ནོ་གིས་ ལོ་ངོ་༢༠ གི་ཧེ་མར་ འབྲུག་རྒྱལ་ཁབ་ནང་ གཟིགས་སྐོར་གནང་པའི་སྐབས་ སྲསམོ་མོ་ར་ དགུང་ལོ་༥ བཞེས་ཡོདཔ་ཨིན་པས།
སྲསམོ་མ་ཀོ་དེ་ རྒྱལ་སྲས་ཨ་ཀི་ཤི་ནོ་དང་ ལྕམ་ཀི་ཀོ་གཉིས་ཀྱི་ སྲསམོ་ཨིནམ་ད་ ཡབ་ཡུམ་༢ འབྲུག་ལུ་ བྱོན་མི་ལས་ མོ་གིས་ཡང་ འབྲུག་རྒྱལ་ཁབ་ཀྱི་སྐོར་ལས་ འགོ་དང་པ་ གོ་ཡོདཔ་མ་ཚད་ རྒྱལ་དར་ནང་ འབྲུག་གི་པར་ཡོད་མི་དང་ ལམ་སྲོལ་ དེ་ལས་ འབྲུག་མི་ཚུ་གིས་ དགའ་འཛུམ་སྟོན་ས་མཐོང་པའི་ཤུལ་ལས་ ནམ་ཅིག་གི་ཚེ་ འབྲུག་རྒྱལ་ཁབ་ནང་ འོང་ཚུགས་པའི་ རེ་བ་བསྐྱེདཔ་བཞིན་དུ་ ད་རེས་ འོང་ཚུགས་མི་ལུ་ སེམས་དགའ་ཡི་ཟེར་ སྲསམོ་མ་ཀོ་གིས་ གསུངསམ་ཨིན་པས།
སྲསམོ་གིས་ མི་དབང་མཆོག་དང་ རྒྱལ་བཙུན་རྣམ་༢ སྤྱི་ལོ་༢༠༡༡ ལུ་ ཇ་པཱན་ལུ་ རང་བཞིན་གྱི་ རྐྱེན་ངན་བྱུང་པའི་ཤུལ་ལས་ མོ་གི་ རྒྱལ་ཁབ་ནང་བྱོན་མི་ དང་པ་ཨིནམ་ལས་ དགའ་ཚོར་ཡོད་ལུགས་ གསུངས་པའི་ཁར་ མི་དབང་རྒྱལ་བཙུན་རྣམ་༢ ཀྱིས་ ཕུ་ཀུ་ཤི་མའི་ས་ཁོངས་ནང་ གནོད་སྐྱོན་རྐྱབ་མི་ལུ་ གཟིགས་སྐོར་གནང་མི་དེ་གིས་ མི་སེར་ཚུ་ལུ་ སེམས་ཤུགས་བསྐྱེད་བཅུག་ཡོད་མིའི་སྐོར་ མི་སེར་ཚུ་གིས་ སེམས་ཁར་དྲན་ཏེ་ར་ཡོད་ཟེར་གསུངས་ཡི།
འབྲུག་དང་ ཇ་པཱན་རྒྱལ་ཁབ་གཉིས་ཀྱི་བར་ན་ ཕྱི་འབྲེལ་དོན་གཅོད་ཀྱི་ མཐུན་ལམ་གཞི་བཙུགས་འབད་དེ་ མི་ལོ་༣༠ འཁོར་བའི་ དུས་སྟོན་ཡང་ རྩིས་སྲུང་འབད་ཡི།
ཁ་ཙ་ ཐིམ་ཁྲོམ་ཆུ་ཚོད་འཁོར་ལོའི་ ཀ་ཆེན་གྱི་ ས་ཁོངས་ནང་ ཇ་པཱན་གྱི་བདུན་ཕྲག་ བརྩི་སྲུང་འབད་བའི་སྐབས་ལུ་ཡང་ རྒྱ་གར་ལུ་ཡོད་མི་ ཇ་པཱན་གྱི་གཞུང་ཚབ་ ཀེན་ཇི་ ཧི་ར་མ་ཙུ་གིས་ བཤད་མིའི་ནང་ ཇ་པཱན་གྱིས་ འབྲུག་ལུ་ ཟམ་དང་ ཞིང་ལམ་སེལ་ནིའི་ནང་ གྲོགས་རམ་འབད་བཞིན་དུ་ཡོད་པའི་ཁར་ སྲསམོ་མ་ཀོ་གི་ གཟིགས་སྐོར་ལུ་བརྟེན་ རྒྱལ་ཁབ་༢ དང་ མི་སེར་ཚུ་གི་བར་ན་ མཐུན་ལམ་ལྷག་པར་དུ་ དམ་ཟབ་འགྱོ་ནི་གི་ རེ་བ་ཡོད་ཟེར་ཨིན་པས།
ཕྱི་འབྲེལ་བློན་པོ་ དམ་ཆོས་རྡོ་རྗེ་གིས་ འབྲུག་ལུ་ སྤྱི་ལོ་༢༠༠༦ ལས་ ཇ་པཱན་གྱི་བདུན་ཕྲག་ བརྩི་སྲུང་འབད་ནི་ འགོ་བཙུགས་པའི་ཤུལ་ལས་ རྒྱལ་ཁབ་གཉིས་ཀྱི་བར་ན་ རྩེད་རིགས་དང་ ལམ་སྲོལ་ དམིགས་བསལ་དུ་ མི་སེར་གྱི་བར་ན་ མཐུན་ལམ་བརྗེ་སོར་འབད་ནི་གི་ ས་ཁོངས་ཅིག་ལུ་ གྱུར་ཏེ་ཡོད་ཟེར་གསུངས་ཡི།
འབྲུག་དང་ ཇ་པཱན་གྱི་བར་ན་ མཛའ་བཤེས་ཀྱི་མཐུན་ལམ་ ལེགས་ཤོམ་ཡོད་པའི་ཁར་ རྒྱལ་ཁབ་༢ རྒྱང་རིང་ཡོད་རུང་ ཕན་ཚུན་གཅིག་གིས་གཅིག་ལུ་ མཉམ་འབྲེལ་གང་དྲག་འབད་དེ་ཡོད་ཟེར་ ཕྱི་འབྲེལ་བློན་པོ་གིས་གསུངས་ཡི།
བདུན་ཕྲག་བརྩི་སྲུང་དང་འབྲེལ་ འབྲུག་ཇུ་དོ་རྩེད་རིགས་སྡེ་ཚན་དང་ འབྲུག་ཀ་ར་ཊི་ཚོགས་པ་གིས་ རྩེད་ཐངས་ཚུ་ སྤྱན་འབུལ་ཞུ་ཡོདཔ་ད་ ཇ་པཱན་གྱི་ཞབས་ཁྲ་ མ་གི་ས་ཝ་ཟེར་མི་དེ་ཡང་ མི་མང་ལུ་ སྤྱན་འབུལ་ཞུ་ཡི།
ད་རིས་ རྒྱལ་ཆེན་གྱི་ དི་བུམོ་གིས་ ལྕང་གླིང་མི་ཐང་ནང་སྦེ་ མདའ་རྩེད་འགྲན་བསྡུར་འབད་སར་ གཟིགས་ཞིབ་གནང་པའི་ཤུལ་ལས་ བདེ་ཆེན་ཆོས་གླིང་ཕོ་བྲང་ནང་སྦེ་ མི་དབང་འབྲུག་རྒྱལ་༤ པ་མཆོག་དང་ མཇལ་ཕྲད་ཞུ་ནི་ཨིན་པས།
ཕྱི་རུ་ཁམས་ཅིག་ཁར་ རྒྱལ་འཛིན་ཐགས་རིགས་འགྲེམ་སྟོན་ཁང་ནང་ཡང་ གཟིགས་སྐོར་གནང་ནི་ཨིན་པས།
ནངས་པར་ རྒྱལ་ཡོངས་རྗེས་དྲན་མཆོད་རྟེན་ནང་ མི་དབང་འབྲུག་རྒྱལ་༣ པ་མཆོག་ལུ་ རྗེས་དྲན་ཞུ་ནིའི་དོན་ལུ་ རྒྱལ་འཛིན་མེ་ཏོག་འགྲེམ་སྟོན་ འགོ་འབྱེད་གནང་སར་ མི་དབང་རྒྱལ་བཙུན་རྣམ་༢ དང་ སྲསམོ་མ་ཀོ་ འབྱོན་གནང་ནི་ཨིན་པས།
དེ་གི་ཤུལ་ལས་ སྲསམོ་མ་ཀོ་གིས་ བཟོ་རིགས་བཅུ་གསུམ་སྤེལ་ཁང་ནང་ གཟིགས་སྐོར་གནང་པའི་ཤུལ་ལས་ ཕྱི་རུ་ཁམས་ཅིག་ཁར་ སྤ་རོ་ལུ་བྱོན་ཏེ་ ས་གནས་ཀྱི་ ལམ་སྲོལ་དང་ གནས་རྩ་ཅན་ཚུ་ནང་ གཟིགས་སྐེར་གནང་ནི་ཨིན་པས།
སྤྱི་ཟླ་༦ པའི་ཚེས་༦ ལུ་ སྲསམོ་མ་ཀོ་དེ་ སྤ་རོ་སྟག་ཚང་ནང་ འབྱོན་ནི་གི་ ལས་རིམ་ཡོདཔ་བཞིན་དུ་ སྤྱི་ཚེས་༧ ལུ་ རྒྱལ་ཁབ་ནང་ལས་ ལོག་འབྱོན་ནི་ཨིན་པའི་གནས་ཚུལ།
བཀྲིས་བསྟན་འཛིན།