༉ ཁ་ཙ་ ཆེ་མཐོ་ཁྲིམས་འདུན་གྱི་ ཁྲིམས་ཁྲི་དང་པ་གིས་ ཨིསི་པཱསི་མོ་པོ་རོག་སི་བཱོན་པ་ལཱསི་(SP+) ཟེར་མི་ སྨྱོ་རྫས་ཚུ་ ཚུལ་མིན་གྱི་སྒོ་ལས་ ཚོང་འབྲེལ་འཐབ་པའི་ རྩོད་དོན་ཁག་༧ ལས་ མི་༥ འབྲེལ་གཏོགས་ཡོད་པའི་ རྩོད་དོན་༤ ཐོག་མའི་འཁྲུན་ཆོད་ཚུ་ལུ་ བསྒྱུར་བཅོས་མེད་པར་ གཞི་འཛིན་འབད་ཡོདཔ་ཨིན་རུང་ རྩོད་ཟླ་༢ ཀྱི་ བཙོན་ཁྲིམས་དེ་ ཡར་སེང་ཐོག་ འཁྲུན་ཆོད་གནང་ནུག།
དེ་ཡང་ བཀྲིས་སྒང་བཀང་ལུང་ལས་ སྐྱེས་ལོ་༣༢ ལང་མི་ འཇིགས་མེད་རྡོ་རྗེ་ལུ་ ཐིམ་ཕུག་རྫོང་ཁག་ཁྲིམས་འདུན་གྱིས་ བཙོན་ཁྲིམས་ལོ་༥ དང་ཟླཝ་༦ བཀལ་ཡོད་རུང་ སྨྱོ་རྫས་འབོར་ཚད་དང་འཁྲིལ་ ཆེ་མཐོ་ཁྲིམས་འདུན་གྱིས་ བསྒྱུར་བཅོས་ཐོག་ བཙོན་ཁྲིམས་ལོ་༩ བཀལ་ཡོདཔ་ཨིན་པས།
ན་ཧིང་ སྤྱི་ཟླ་༡༢ པའི་ཚེས་༢༦ ལུ་ ཐིམ་ཕུག་ལུ་ ཁྲིམས་སྲུང་འགག་པ་གིས་ འཇིགས་མེད་རྡོ་རྗེ་གི་ཁྱིམ་ནང་ རྟོག་མེད་ཞིབ་དཔྱད་རྐྱབ་ད་ བེག་ཅིག་ནང་ ཨེསི་པི་པ་ལཱསི་༨,༦༤༠ ཐོབ་ལས་ འཛིན་བཟུང་འབད་ཡོདཔ་ད་ དེ་ཡང་ ཁྲིམས་སྲུང་འགག་པ་གིས་ སྨྱོ་རྫས་དང་གཅིག་ཁར་ འཛིན་བཟུང་འབད་མི་ མི་ཅིག་གིས་ སྨྱོ་རྫས་ཚུ་ འཇིགས་མེད་རྡོ་རྗེ་ལས་ ཉོ་ཡི་ཟེར་ སླབ་མི་ལུ་བརྟེན་ཨིན་པས།
རྩོད་ཟླ་གིས་ ཐོག་མའི་ཁྲིམས་འདུན་གྱི་ འཁྲུན་ཆོད་ལུ་ ཁེ་རྒུད་མ་བཏུབ་པར་ ཆེ་མཐོ་ཁྲིམས་འདུན་ལུ་ ཐོ་གཏུགས་འབད་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ སྨྱོ་རྫས་ཡོད་མི་ བེག་དེ་ ཆ་རོགས་ཅིག་གི་ ཁྱིམ་ནང་ལས་ ཐོབ་ཡོད་རུང་ ཁོ་ལུ་ ཉེས་འགེལ་གྱི་ ཉེས་འཛུགས་འབད་ཡི་ཟེར་ཨིན་པས།
ཆེ་མཐོ་ཁྲིམས་འདུན་གྱིས་ འཁྲུན་ཆོད་ནང་ བཀོད་པའི་ནང་གསལ་ ཨེསི་པི་པ་ལཱསི་༨,༦༤༠ དེ་ འཇིགས་མེད་རྡོ་རྗེ་ལུ་ཨིན་པའི་ཁར་ ཁོ་གིས་ མི་ཚུ་ལུ་བཙོང་ཡོདཔ་ ཐེ་ཚོམ་ལས་གྲོལ་བའི་ སྒྲུབ་བྱེད་བྱུང་ཡི་ཟེར་ཨིན་པས།
ད་རུང་ བཀྲིས་སྒང་མཁའ་གླིང་ལས་ ངག་དབང་འཕྲིན་ལས་ལུ་ ཆུ་ཁ་རྫོང་ཁག་ཁྲིམས་འདུན་གྱིས་ བཙོན་ཁྲིམས་ལོ་༥ བཀལ་ཡོད་རུང་ ཁོ་གིས་ ཨེསི་པི་པ་ལཱསི་༡,༤༥༡ འབག་ཡོད་མི་ལུ་བརྟེན་ ཆེ་མཐོ་ཁྲིམས་འདུན་གྱིས་ བཙོན་ཁྲིམས་ལོ་ངོ་༧ ཡར་སེང་རྐྱབ་སྟེ་བཀལ་ནུག།
ཨིན་རུང་ ཐིམ་ཕུག་ལས་ཨིན་མི་ རིན་ཆེན་ཚེ་རིང་ལུ་ ཆུ་ཁ་ཁྲིམས་འདུན་གྱིས་ བཙོན་ཁྲིམས་ལོ་༥ བཀལ་མི་ལུ་ བསྒྱུར་བཅོས་མེད་པར་ གཞི་འཛིན་གནང་ནུག།
ཁྲིམས་སྲུང་འགག་པ་གིས་ གཞུང་ལམ་བདའ་སྟེ་ ཞིབ་དཔྱད་རྐྱབ་ད་ རིན་ཆེན་ཚེ་རིང་ལས་ ཨེསི་པི་པ་ལཱསི་༡༤༦ དང་ ཨེན་༡༠ ཟེར་མི་གྲངས་ཁ་༤༧ ཐོབ་ཡོདཔ་ཨིན་པས།
ཆེ་མཐོ་ཁྲིམས་འདུན་གྱིས་ བཀྲིས་གཡང་རྩེ་སྟོང་གཞང་ལས་ སྐྱེས་ལོ་༢༩ འབད་མི་ འཇིགས་མེད་ལུ་ ཐོག་མའི་ཁྲིམས་འདུན་གྱིས་ བཙོན་ཁྲིམས་ལོ་༥ དང་ཟླཝ་༦ བཀལ་མི་དེ་ཡང་ བསྒྱུར་བཅོས་མེད་པའི་ འཁྲུན་ཆོད་གནང་ཡོདཔ་ད་ སྤྱི་ལོ་༢༠༡༦ ཟླ་༦ པའི་ཚེས་༩ ལུ་ འཛིན་བཟུང་འབད་མི་ འཇིགས་མེད་ཀྱིས་ ཨེསི་པི་པ་ལཱསི་༧༢ འབག་སྟེ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ཐིམ་ཕུག་ལས་ སྐྱེས་ལོ་༢༦ ལང་མི་ ཀུན་ལེགས་རྡོ་རྗེ་དང་ སྤ་རོ་ལས་ སྐྱེས་ལོ་༣༣ ལང་མི་ ཀུན་ལེགས་རྡོ་རྗེ་༢ ལུ་ བཙོན་ཁྲིམས་ལོ་༥ རེ་བཀལ་མི་དེ་ཡང་ གཞི་འཛིན་འབད་ཡོདཔ་ད་ ཐིམ་ཕུག་ལས་ཨིན་མི་ ཀུན་ལེགས་རྡོ་རྗེ་དེ་ ཕུན་ཚོགས་གླིང་ལས་ ལོག་འོངམ་ད་ རྩི་མ་གཤམ་ལུ་ ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབདཝ་ད་ ཁོ་ལས་ ཨེསི་པི་པ་ལཱསི་༦༨ ཐོབ་ཡོདཔ་མ་ཚད་ ཀུན་ལེགས་རྡོ་རྗེ་གཞན་དེ་ཡང་ ན་ཧིང་ སྤྱི་ཟླ་༩ པའི་ཚེས་༦ ལུ་ རྩི་མ་གཤམ་ལུ་ འཛིན་བཟུང་འབདཝ་ད་ ཨེསི་པི་པ་ལཱསི་༡༩༢ ཐོབ་ཡོདཔ་ཨིན་པས།
ད་རུང་ ཆུ་ཁ་ཁྲིམས་འདུན་གྱིས་ བཀང་ལུང་ལས་ སྐྱེས་ལོ་༢༦ འབད་མི་ བཀྲིས་སྟོབས་རྒྱས་དང་ ལྷུན་རྩེ་མཁོ་མ་ལས་ སྐྱེས་ལོ་༢༤ ལང་མི་ ལེགས་ལྡན་རྡོ་རྗེ་ལུ་ བཙོན་ཁྲིམས་ལོ་༥ རེ་ བཀལ་མི་དེ་ཡང་ ཆེ་མཐོ་ཁྲིམས་འདུན་གྱིས་ རང་འཇགས་བཙོན་ཁྲིམས་བསྟར་སྤྱོད་འབད་དགོ་པའི་ འཁྲུན་ཆོད་གནང་ནུག།
ན་ཧིང་ སྤྱི་ཟླ་༡༠ པའི་ཚེས་༡༩ ལུ་ རྩི་མ་གཤམ་ལུ་ ཁྲིམས་སྲུང་འགག་པ་གིས་ བཀྲིས་སྟོབས་རྒྱས་ཀྱི་ ནང་གོས་ནང་ལས་ ཨེསི་པི་པ་ལཱསི་༢༧༡ དང་ ལེགས་ལྡན་རྡོ་རྗེའི་ ནང་གོས་ནང་ ཨེསི་པི་པ་ལཱསི་༤༧ ཐོབ་ཡོདཔ་ད་ ཁོང་༢ ཕུན་ཚོགས་གླིང་ལས་ ཐིམ་ཕུག་ལུ་འོངམ་ད་ འཛིན་བཟུང་འབད་ཡོད་པའི་གནས་ཚུལ།
Check Also
ཆུ་ཁ་རྫོང་ཁག་གི་ འདེམས་ངོ་ཚུ་གིས་ ཁྲིམས་ལུགས་དང་ སྲིད་བྱུས་ཚུ་ བསྐྱར་ཞིབ་འབད་ནི་ལུ་ གཙོ་བོར་བཏོན་ཡོདཔ།
༉ ཆུ་ཁ་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོ་སྦེ་ དོ་འགྲན་འབད་མི་ འདེམས་ངོ་༤ པོ་ཆ་ར་གིས་ རྒྱལ་ཁབ་ཀྱི་ ཁྲིམས་ལུགས་དང་ སྲིད་བྱུས་ སྒྲིག་གཞི་ཚུ་ རྒྱལ་ཁབ་དང་མི་སེར་ལུ་ དགོས་མཁོ་ཡོད་མེད་དང་ ཕན་ཐོགས་ཡོད་མེད་ཀྱི་ ཞིབ་དཔྱད་འབད་ཞིནམ་ལས་ བསྐྱར་ཞིབ་འབད་ནི་ལུ་ …