ཁྲིམས་རྩོདཔ་ཚུ་ མངོན་མཐོ་ཁྲིམས་འདུན་གྱི་ས་ཁོངས་ནང་ སྨྱོ་རྫས་ཨིས་པཱསི་མོ་ པོ་རོག་སི་བཱོན་ པ་ལཱསི་གི་ རྩོད་དོན་ཐོག་ལུ་ འཁྲུན་ཆོད་གནང་མིའི་སྐོར་ལས་ གྲོས་བསྟུན་འབད་བའི་བསྒང་།

སྨྱོ་རྫས་ཨིས་པཱསི་མོ་ པོ་རོག་སི་བཱོན་ པ་ལཱསི་དང་འབྲེལ་བའི་ ཉེས་འཛུགས་ཕོག་མི་ཚུ་གིས་ ཁྲིམས་འཐུས་བཏབ་ཆོག་ནི།

༉ ཁ་ཙ་ མངོན་མཐོ་ཁྲིམས་འདུན་གྱིས་ རྙོགས་འཛིང་ཅན་གྱི་སྨྱོ་རྫས་ ཨིས་པཱསི་མོ་ པོ་རོག་སི་བཱོན་ པ་ལཱསི་ འཆང་སྤྱོད་འབད་མི་ལུ་བརྟེན་ འཛིན་བཟུང་འབད་དེ་ བཙོན་ཁྲིམས་བཀལ་ཡོད་མི་དང་ ད་ལྟོ་ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ཡོད་མི་ དེ་ལས་ རྩོད་བཤེར་འབད་བའི་བསྒང་ ཡོད་མི་ཚུ་གི་དོན་ལུ་ ཁེ་ཕན་ཅན་གྱི་ འཁྲུན་ཆོད་གནང་ཡི།
འཁྲུན་ཆོད་དེ་དང་འཁྲིལཝ་ད་ སྨྱོ་རྫས་དེ་ལུ་བརྟེན་ ཁྲིམས་ཕོག་མི་ཚུ་གིས་ ཁྲིམས་འཐུས་བཏབ་ཆོག་ནི་དང་ ད་ལྟོ་ ཞིབ་དཔྱད་འབད་བའི་བསྒང་ཡོད་མི་དང་ ཐོ་བཀོད་འབད་མི་ཚུ་ཡང་ དེ་བཞིན་དུ་ བསྟར་སྤྱོད་འབད་དགོ་ཟེར་ འཁྲུན་ཆོད་ནང་བཀོད་ནུག།
ཨིས་པཱསི་མོ་ པོ་རོག་སི་བཱོན་ པ་ལཱསི་དང་འབྲེལ་བའི་ ཉེས་འཛུགས་ཚུ་ འབྲུག་གི་སྨན་གྱི་བཅའ་ཁྲིམས་༢༠༠༣ ཅན་མའི་དོན་ཚན་༢༩ པའི་ ཇ་པ་དང་འཁྲིལ་ ཉེས་འཛུགས་འབད་དགོཔ་ཨིན་རུང་ སྨྱོ་རྫས་ནང་ཡོད་མི་སྨན་ ཊ་མ་ཌོལ་ཟེར་མི་དེ་ འབྲུག་གི་སྨྱོ་རྫས་དང་སེམས་ཁམས་འཁྲུགས་རྫས་ རྫས་རིགས་ལོག་སྤྱོད་ཀྱི་བཅའ་ཁྲིམས་༢༠༡༥ ཅན་མའི་ ཟུར་དེབ་ནང་ མ་བཀོད་ནི་དེ་གིས་ཨིན་པས།
དེ་འབདཝ་ལས་ འབྲུག་གི་ཞི་རྩོད་དང་ཉེས་རྩོད་བྱ་བའི་གནད་སྤྱོད་ཀྱི་ ཁྲིམས་དེབ་དོན་ཚན་༢༨.༡ པའི་ནང་ དྲང་དཔོན་ཚུ་གིས་ གལ་སྲིད་ ཁྲིམས་ཀྱི་ཀ་རྟགས་གང་རུང་ ཁ་གསལ་མེད་པ་ཅིན་ མངོན་མཐོ་དང་ ཆེ་མཐོ་ཁྲིམས་འདུན་གྱི་ དྲང་དཔོན་གྲངས་མང་གི་གྲོས་ཆོད་ལུ་ གཞི་བཞག་དགོ་ཟེར་ འཁོད་ཡོད་མི་དང་འཁྲིལ་ མངོན་མཐོ་ཁྲིམས་འདུན་གྱི་ དྲང་དཔོན་གྲངས་མང་གིས་ མོས་མཐུན་ཐོག་ལས་ གྲོས་ཐག་བཅད་ཡོད་ཟེར་ འཁྲུན་ཆོད་ནང་བཀོད་ནུག།
ཨིས་པཱསི་མོ་ པོ་རོག་སི་བཱོན་ པ་ལཱསི་ནང་ཡོད་མི་ ཊ་མ་ཌོལ་གྱི་རྫས་སྦྱོར་དེ་ འབྲུག་གི་སྨྱོ་རྫས་བཀག་འཛིན་དབང་འཛིན་གྱིས་ སྨན་སྦེ་ ཕན་ཁུངས་ཡོད་པའི་སྨྱོ་རྫས་སྦེ་ བརྩི་དགོ་ཟེར་བཀོད་ཡོདཔ་ལས་ ཨིས་པཱསི་མོ་ པོ་རོག་སི་བཱོན་ པ་ལཱསི་ ནག་ཚོང་འཐབ་མི་ལུ་བརྟེན་ ཉེས་ཁྲིམས་ཕོགས་མི་ཚུ་ ཐེངས་གཅིག་ ཁྲིམས་འཐུས་བཏབ་ཆོག་པའི་ འཁྲུན་ཆོད་གནང་དོ་ཟེར་ འཁྲུན་ཆོད་ནང་བཀོད་ནུག།
དེ་བཟུམ་སྦེ་ སྨྱོ་རྫས་དེ་ལུ་བརྟེན་ ད་ལྟོ་ འཛིན་བཟུང་འབད་དེ་ དོ་དམ་ནང་བཞག་ཡོད་མི་དང་ རྩོད་བཤེར་འབད་བའི་བསྒང་ཡོད་མི་ཚུ་ལུ་ཡང་ དེ་བཞིན་དུ་ བསྟར་སྤྱོད་འབད་དགོ་ཟེར་ཨིན་པས།
ཨིན་རུང་ ད་ལས་ཕར་ སྨྱོ་རྫས་དེ་ ཁྲིམས་འགལ་ཐོག་ལས་ བདག་བཟུང་འབད་མི་དང་ ཡང་ཅིན་ ཁྲིམས་འགལ་ཐོག་ལས་ ནག་ཚོང་འཐབ་པའི་ ཉེས་འཛུགས་ཕོག་མི་ཚུ་ལུ་ འབྲུག་གི་སྨྱོ་རྫས་དང་སེམས་ཁམས་འཁྲུགས་རྫས་ རྫས་རིགས་ལོག་སྤྱོད་བཅའ་ཁྲིམས་༢༠༡༥ ཅན་མའི་ དོན་ཚན་༡༣༧ པ་དང་༡༣༩ པ་ གཞན་ཡང་འབྲེལ་བ་ཡོད་པའི་ བཅའ་ཁྲིམས་ཚུ་དང་འཁྲིལ་ ཉེས་ཁྲིམས་བཀལ་དགོ་ཟེར་ཨིན་པས།
འབྲུག་གི་སྨྱོ་རྫས་དང་ སེམས་ཁམས་འཁྲུགས་རྫས་ རྫས་རིགས་ལོག་སྤྱོད་ཀྱི་བཅའ་ཁྲིམས་༢༠༡༥ ཅན་མའི་ དོན་ཚན་༡༣༧ པ་དང་༡༣༩ པའི་ནང་ བཀོད་ཡོད་མི་གིས་མ་ཚད་པར་ འབྲུག་སྨྱོ་རྫས་བཀག་འཛིན་དབང་འཛིན་གྱིས་ དུས་དང་བསྟུན་ གསལ་བསྒྲགས་འབད་མི་དང་ ཡང་ཅིན་ གཏན་འཁེལ་བཟོ་སྟེ་ ཟུར་དེབ་༣ པ་དང་༤ པའི་ནང་ སྨྱོ་རྫས་དང་སེམས་ཁམས་འཁྲུགས་རྫས་ རྫས་རིགས་ཚུ་ ཁ་སྐོང་བཀལ་ཆོག་ནི་ཨིན་པས།
དེ་བཟུམ་སྦེ་ བཅའ་ཁྲིམས་དེའི་ དོན་ཚན་༡༣༩ པའི་ནང་ཡང་ འབྲུག་གི་སྨྱོ་རྫས་བཀག་འཛིན་གྱིས་ ཟུར་དེབ་༡ པ་ལས་༤ པ་ཚུན་གྱི་ སྨྱོ་རྫས་དང་སེམས་ཁམས་འཁྲུགས་རྫས་ རྫས་རིགས་ཚུ་ ཁ་སྐོང་བཀལ་ཆོག་ནི་ཨིན་པས།
ད་རེས་ དོན་འགྲེལ་འབད་མི་དེ་ཡང་ མངོན་མཐོ་ཁྲིམས་འདུན་གྱིས་ ཁྲིམས་སྡེའི་གཞི་འཛིན་གནང་མི་ འཁྲུན་ཆོད་གནང་བའི་ཚེས་ལས་འགོ་བཙུགས་ འབྲུག་གི་སྨྱོ་རྫས་བཀག་འཛིན་དབང་འཛིན་གྱིས་ ཟུར་དེབ་གང་རུང་ནང་ ཁ་སྐོང་བཀལ་བའི་སྨྱོ་རྫས་དང་ སེམས་ཁམས་འཁྲུགས་རྫས་ རྫས་རིགས་ཀྱི་ཉེས་ཁྲིམས་དེ་ འབྲུག་གི་སྨྱོ་རྫས་དང་སེམས་ཁམས་འཁྲུགས་རྫས་ རྫས་རིགས་ལོག་སྤྱོད་ཀྱི་བཅའ་ཁྲིམས་༢༠༡༥ དང་འཁྲིལ་དགོ་ཟེར་ འཁྲུན་ཆོད་གནང་བཀོད་ནུག།
ད་རེས་ཀྱི་ འཁྲུན་ཆོད་ལུ་ སྤྱི་ཚོགས་ཀྱིས་ སོ་སོར་སྦེ་ བསྒྱུར་བཅོས་མ་གནང་ཚུན་ འབྲེལ་བ་ཡོད་པའི་དབང་འཛིན་དང་ ཁྲིམས་འདུན་ཚུ་གིས་ འཁྲུན་ཆོད་དེ་ལུ་ གཞི་བཞག་ཐོག་ལས་ བསྟར་སྤྱོད་འབད་དགོ་ནི་ཨིན་པས།
དྲང་ཁྲིམས་ལྷན་སྡེ་གིས་ དོན་འགྲེལ་འབད་བའི་སྐབས་ ཁྲིམས་ཀྱི་དོན་ཚན་གཅིག་ལུ་ གཞི་བཞག་སྟེ་མེན་པར་ བཅའ་ཁྲིམས་གཞན་དང་ ཁྲིམས་བཟོ་ལྷན་སྡེའི་དམིགས་ཡུལ་ དེ་ལས་ འབྲེལ་བ་ཡོད་པའི་བཅའ་ཁྲིམས་གཞན་ཚུ་ལུ་ གཞི་བཞག་ཡོདཔ་ཨིན་པས།
དེ་མ་ཚད་ མངོན་མཐོ་ཁྲིམས་འདུན་དེ་ རྩ་ཁྲིམས་ཆེན་མོ་གཞི་འཛིན་འབད་མི་ ཁྲིམས་འདུན་ཨིནམ་ལས་ ཆེ་མཐོ་ཁྲིམས་འདུན་དང་མཉམ་ རྒྱལ་ཡོངས་ཀྱི་དམིགས་ཡུལ་ ཉེན་སྲུང་འབད་དགོ་པའི་ཁར་ ཁྲིམས་སྡེའི་འགན་ཁུར་ལས་ མ་འཛོལཝ་སྦེ་ ཚིག་གི་དོན་འགྲེལ་ཚུ་འབད་དེ་ འབྲེལ་ཆགས་ཡོད་མི་དང་ རྒྱབ་འགལ་ཡོད་མི་བཅའ་ཁྲིམས་ཚུ་ ནོར་བཅོས་འབད་དེ་ དོན་ཁུངས་ཅན་སྦེ་ དོན་འགྲེལ་འབད་ཡི་ཟེར་བཀོད་ནུག།
ད་འབདཝ་ལས་ ད་ལྟོ་ཚུན་ ཆེ་མཐོ་ཁྲིམས་འདུན་གྱིས་ སྨྱོ་རྫས་དེ་དང་འབྲེལ་བའི་ འཁྲུན་ཆོད་གནང་མི་ཚུ་ལུ་ མངོན་མཐོ་ཁྲིམས་འདུན་གྱིས་ འབྲུག་གི་ཞི་རྩོད་དང་ཉེས་རྩོད་བྱ་བའི་གནད་སྤྱོད་ཀྱི་ ཁྲིམས་དེབ་དོན་ཚན་༡༡༡ པའི་ ཁ་པ་ལྟར་ ཆ་ཤས་བསྒྱུར་བཅོས་ འབད་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།

༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …

Leave a Reply

Your email address will not be published. Required fields are marked *