སྨྱོ་རྫས་སྤྱོད་མི་ཚུ་ལུ་ ཁྲིམས་ཀྱི་དང་ལེན་ལས་ མཁའ་འགྲུལ་གྱི་ ཉེན་སྲུང་ཁག་ཆེ་ནི།

༉ འཕྲལ་ཁམས་ཅིག་ཁར་ སྤ་རོ་རྒྱལ་སྤྱི་གནམ་ཐང་ནང་ དེད་དཔོན་༡ དང་ གནམ་གྲུའི་ལས་བྱེདཔ་༢ ཀྱིས་ བཀག་འཛིན་ཅན་གྱི་ སྨྱོ་རྫས་ལོག་སྤྱོད་འབད་ཡོད་མིའི་ཐད་ལུ་ ཁྲིམས་ཀྱི་དང་ལེན་དེ་ ཁག་ཆེ་ནི་མེན་པར་ མཁའ་འགྲུལ་གྱི་ ཉེན་སྲུང་ལེགས་ཤོམ་བཟོ་ནི་དེ་ ཁག་ཆེ་ཟེར་ བློན་ཆེན་ཚེ་རིང་སྟོབས་རྒྱས་མཆོག་གིས་ གསུངསམ་ཨིན་པས།
དེ་ཡང་ ཁ་ཙ་ བློན་ཆེན་མཆོག་གིས་ བརྡ་བརྒྱུདཔ་རྒན་ཤོས་ཚུ་དང་ མཇལ་ཕྲད་གནང་པའི་སྐབས་ གསུངས་ཡོདཔ་ད་ བློན་ཆེན་གྱིས་འབད་བ་ཅིན་ འཕུར་འགྲུལ་འབད་མི་དེ་ རྒྱལ་ཡོངས་ཀྱི་ གནམ་གྲུ་ཨིནམ་ལས་ མཁའ་འགྲུལཔ་ཚུ་ལུ་ ཉེན་སྲུང་ཡོདཔ་ ངེས་བརྟན་བཟོ་ནི་ལུ་ གཙོ་རིམ་བཟུང་དགོ་ཟེར་ཨིན་པས།
དེ་འབདཝ་ལས་ འབྲེལ་ཡོད་དབང་འཛིན་གྱིས་ གནམ་གྲུའི་ལས་བྱེདཔ་ཚུ་ལུ་ སྨྱོ་རྫས་ཀྱི་ བརྟག་དཔྱད་འབད་མི་དེ་ ཉེན་སྲུང་ལུ་ ཐུགས་ཚ་གྱང་ཡོད་ནི་དེ་གིས་ཨིན་ཟེར་ བློན་ཆེན་གྱིས་ གསུངས་ཡི།
སྨྱོ་རྫས་སྤྱོད་མི་ཚུ་གི་ ཐད་ལུ་འབད་བ་ཅིན་ ཁྲིམས་ཀྱི་བྱ་རིམ་དང་འཁྲིལ་ དང་ལེན་འབད་ནི་གི་ དབང་ཚད་དེ་ འབྲེལ་ཡོད་ལས་འཛིན་ལུ་ ཡོད་པའི་ཁར་ གཉིས་པ་འབདཝ་ད་ རྒྱལ་ཁབ་ཀྱི་ ཁྲིམས་ལུགས་དང་ ལས་གཡོག་པའི་ བཅའ་ཡིག་ཚུ་གི་ དོན་ཚན་ལས་ འགལ་ཡོད་མེད་ བལྟ་དགོཔ་བཞིན་དུ་ དེ་ནང་ གཞུང་གི་ཧོངས་ལས་ ལགཔ་རྐྱབ་ནི་མེད་ཟེར་ བློན་ཆེན་གྱིས་ གསུངས་ཡི།
སྤྱི་ཟླ་༦ པའི་ཚེས་༢༩ ལུ་ འབྲུག་གནམ་གྲུའི་ དེད་དཔོན་དང་ ལས་བྱེདཔ་ཨམ་སྲུ་༡ དེ་ལས་ བཀྲིས་མཁའ་འགྲུལ་གྱི་ ལས་བྱེདཔ་ཕོ་སྐྱེས་༡ ལུ་ བརྟག་ཞིབ་འབདཝ་ད་ སྨྱོ་རྫས་སྤྱོད་ཡོད་པའི་ གྲུབ་འབྲས་ཐོན་པའི་ཤུལ་ལུ་ ཁོང་༣ ཆ་ར་ སྨྱོ་རྫས་སྤྱོད་སྤྱོདཔ་མེད་པའི་ གྲུབ་འབྲས་མ་ཐོན་ཚུན་ཚོད་ འཕུར་འགྲུལ་འབད་ནི་ལས་ བཀག་ཆ་འབད་ཡོདཔ་ཨིན་པས།
འབྲུག་ཞི་བའི་མཁའ་འགྲུལ་དབང་འཛིན་གྱིས་ རྟོག་མེད་བརྟག་དཔྱད་འབད་བའི་ནངས་པར་ གནམ་གྲུ་ལས་འཛིན་༢ ལུ་ འགོ་དཔོན་ཚུ་ འཕུར་འགྲུལ་འབད་ནི་ལས་ བཀག་འཛིན་འབད་ནི་ ཡང་ཅིན་ དགོངས་ཕོག་བཏོན་དགོཔ་སྦེ་ ཡི་གུ་བཏང་ཡོདཔ་ཨིན་པས།
ད་ལས་ཕར་ གནམ་གྲུ་ལས་སྡེ་༢ ཀྱི་ དེད་དཔོན་ཚུ་གིས་གཙོས་པའི་ གནམ་གྲུའི་ནང་ ལཱ་འབད་མི་དང་ འཕྲུལ་རིག་ལས་བྱེདཔ་ཚུ་ལུ་ དུས་མཚམས་ཐོག་ སྨྱོ་རྫས་ཀྱི་ བརྟག་དཔྱད་འབད་ནི་ཨིན་པས།
ཧེ་མའི་དྲི་བ་དྲིས་ལན་ནང་ བརྡ་དོན་དང་ བརྒྱུད་འབྲེལ་བློན་པོ་ ཌི་ཨེན་དུང་གཱེལ་གྱིས་ བཤད་མིའི་ནང་ འབྲུག་སྨྱོ་རྫས་བཀག་འཛིན་དབང་འཛིན་དང་ མཁའ་འགྲུལ་ལས་ཁུངས་ འབྲུག་ཞི་བའི་མཁའ་འགྲུལ་དབང་འཛིན་ཚུ་གིས་ གནམ་གྲུའི་ལས་གཡོགཔ་ཚུ་ལུ་ དུས་རྒྱུན་དུ་ སྨྱོ་རྫས་ཀྱི་ བརྟག་དཔྱད་འབད་འོང་ཟེར་ཨིན་པས།
ད་རེས་ཀྱི་ཐད་ལུ་ སྨྱོ་རྫས་སྤྱོད་མི་དེ་ འགོ་དང་པ་བདའ་ཟུནམ་ལས་ ཉེས་བྱ་ག་ནི་ཡང་ མ་བཀལ་རུང་ གནམ་གྲུའི་ཉེན་སྲུང་དང་འབྲེལ་བའི་ གནད་དོན་ཨིནམ་ལས་ འོས་འབབ་དང་ལྡན་པའི་ ཐབས་ཤེས་ཚུ་ བཏོན་ནི་ཨིནམ་མ་ཚད་ གནོད་འགེལ་ཡང་བསྐྱར་འབད་མི་ཚུ་ལུ་ ཁྲིམས་ཀྱི་དང་ལེན་འབད་འོང་ཟེར་ བརྒྱུད་འབྲེལ་བློན་པོ་གིས་ བཤདཔ་ཨིན་པས།
ལས་འཛིན་གྱི་ ལས་གཡོག་པའི་ བཅའ་ཡིག་དང་འཁྲིལཝ་ད་ ལས་བྱེདཔ་ཚུ་གིས་ སྨྱོ་རྫས་ལག་ལེན་འཐབ་མ་ཆོགཔ་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

About admin

Check Also

མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༢༡ གསལ་བསྒྲགས་འབད་ཡོདཔ།

༉ ཁ་ཙ་ མི་སེར་དམངས་གཙོ་ཚོགས་པ་གིས་ ཐིམ་ཕུག་ལུ་སྦེ་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་ཐེངས་༤ པའི་དོན་ལུ་ འདེམས་ངོ་༢༡ གསལ་བསྒྲགས་འབད་ ཡོདཔ་ཨིན་པས། དེ་དང་འཁྲིལ་ཏེ་ ད་ལྟོ་ཚུན་ཚོད་ མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༤༧ ལས་༤༢ …

Leave a Reply

Your email address will not be published. Required fields are marked *