སྨྱོ་རྫས་སྤྱོད་མི་ཚུ་ལུ་ ཁྲིམས་འདྲ་མཉམ་ བཀལ་ནི་ཡོདཔ་ཨིན་ན?

༉ ཨིསི་པཱསི་མོ་ པོ་རོག་སི་བཱོན་ པ་ལཱསི་དེ་ འབྲུག་གི་སྨྱོ་རྫས་དང་ སེམས་ཁམས་འཁྲུགས་རྫས་ རྫས་རིགས་ལོག་སྤྱོད་ཀྱི་ བཅའ་ཁྲིམས་༢༠༡༥ ཅན་མའི་ ཟུར་དེབ་ནང་ གསལ་བཀོད་འབད་འབདཝ་མེད་རུང་ འབྲུག་གི་ཁྲིམས་འདུན་འོག་མ་ལས་ མངོན་མཐོ་ཁྲིམས་འདུན་ཚུན་ཚོན་ སྨྱོ་རྫས་གྲངས་སུ་ ཚུདཔ་ཨིནམ་སྦེ་ར་ འཁྲུན་ཆོད་གནང་ནུག།
ཨིན་རུང་ ཁྲིམས་འདུན་གོང་འོག་ཚུ་གིས་ སྨྱོ་རྫས་ཨེསི་པ་ལཱསི་སྤྱོད་མི་དང་ ནག་ཚོང་འཐབ་མི་༥༥༤ ལུ་བཙོན་ཁྲིམས་ལོ་ངོ་༥ ལས་༩ གི་བར་ན་ བཀལ་ཡོད་མི་ཚུ་ འདས་པའི་ཟླཝ་ནང་ མངོན་མཐོ་ཁྲིམས་འདུན་ལས་ ཁྲིམས་ལུགས་ཁ་གསལ་མེད་མི་ལུ་བརྟེན་ བཙོན་འཐུས་བཏབ་མ་ཆོག་མི་དེ་ བསྒྱུར་བཅོས་འབད་ཐོག་ བཙོན་འཐུས་བཏབ་ཆོག་པའི་ བཀའ་རྒྱ་གནང་ཡོདཔ་བཞིན་དུ་ ད་རེས་ནངས་པར་ འབྲེལ་ཡོད་དབང་འཛིན་གྱིས་ འཁྲུན་ཆོད་བསྟར་སྤྱོད་འབད་བའི་བསྒང་འདུག།
དེ་འབདཝ་ད་ མངོན་མཐོ་ཁྲིམས་འདུན་གྱི་ འཁྲུན་ཆོད་ལུ་བརྟེན་ འཁྲུན་ཆོད་བསྟར་སྤྱོད་འབད་མི་དང་ ཁྲིམས་བདག་འཛིན་འཐབ་མི་ཚུ་ལུ་ མགུ་འཐོམ་བྱུང་པའི་ ནམ་དུས་ལུ་ ག་ནི་བ་ ཉེན་སྲུང་ལྡན་པའི་ འཕུར་འགྲུལ་ལས་སྡེ་ཚུ་ནང་ ལཱ་འབད་མི་༧ ལུ་ བཀག་དམ་ཅན་གྱི་ སྨྱོ་རྫས་སྤྱོད་ཡོད་པའི་ མངོན་རྟགས་ཐོན་མི་དེ་ ཚ་གྱང་དང་ རྣམ་རྟོ་ལང་སི་སི་ཅིག་ཨིན་མས།
མི་མང་ལུ་ ཚ་གྱང་ལང་དགོ་པའི་ གཞི་ཁུངས་ཅིག་ ག་ཅི་བྱུང་ཡོདཔ་སྨོ་ཟེར་བ་ཅིན་ གནམ་གྲུའི་དེད་དཔོན་༢ ཀྱིས་ སྨྱོ་རྫས་སྤྱོད་ཡོད་པའི་ ངོས་འཛིན་བྱུང་མི་ལུ་བརྟེན་ཨིནམ་ད་ གནམ་གྲུ་བཏང་མི་གིས་ར་ སྨྱོ་རྫས་སྤྱོད་པ་ཅིན་ མཁའ་འགྲུལ་ནང་ འཕུར་འགྲུལ་འབད་མི་ཚུ་ལུ་ ཉེན་སྲུང་མེད་ནི་དེ་གིས་ཨིན་མས།
གནམ་གྲུ་ཐང་དང་ གནམ་གྲུ་འཕུར་འགྲུལ་འབད་བའི་སྐབས་ ཉེན་སྲུང་ཡོདཔ་ ངེས་བརྟན་བཟོ་ཐབས་ལུ་ འབྲུག་ཞི་བའི་མཁའ་འགྲུལ་དབང་འཛིན་དང་ འབྲུག་སྨྱོ་རྫས་བཀག་འཛིན་དབང་འཛིན་གྱིས་ སྤ་རོ་རྒྱལ་སྤྱི་གནམ་ཐང་ནང་ རྟོག་མེད་ཀྱི་ ཞིབ་དཔྱད་རྐྱབ་ནི་ འགོ་བཙུགས་མི་དེ་ ཐབས་བྱུས་ལེགས་ཤོམ་ཅིག་ཨིནམ་མ་ཚད་ ད་ལས་ཕར་འབད་རུང་ མཁའ་འགྲུལ་པའི་ ཉེན་སྲུང་གི་དོན་ལུ་ ཞིབ་དཔྱད་འཕྲོ་མཐུད་འབད་ནི་དེ་གལ་ཆེ།
བརྟག་དཔྱད་ཀྱི་སྐབས་ལུ་ གནམ་གྲུའི་དེད་དཔོན་དང་ གནམ་གྲུ་ནང་ ལཱ་འབད་མི་ ལས་བྱེདཔ་རྐྱངམ་གཅིག་མེན་པར་ ཐ་ན་ རྒྱལ་གཞུང་ཧེ་ལི་ཀོབ་ཊར་ཞབས་ཏོག་གི་ དེད་དཔོན་༡ གིས་ཡང་ བཀག་དམ་ཅན་གྱི་ སྨྱོ་རྫས་ལག་ལེན་འཐབ་ཡོད་པའི་ མངོན་གསལ་བྱུང་ནུག།
མ་གཞི་ འབྲུག་གི་གནམ་གྲུ་ལས་འཛིན་དང་ བཀྲིས་མཁའ་འགྲུལ་ལས་སྡེ་༢ ཀྱིས་ སྨྱོ་རྫས་སྤྱོད་ཡོད་པའི་ གྲུབ་འབྲས་ཐོན་མི་ཚུ་ གནས་སྐབས་ཅིག་ ལཱ་གཡོག་འབད་མ་ཆོགཔ་སྦེ་ བཀག་འཛིན་འབད་དེ་ བཞག་ཡོད་རུང་ འདི་བཟུམ་མའི་ ཚུལ་མིན་འཐབ་མི་དེ་ འགོ་དང་པ་ཨིནམ་ལས་ འབྲེལ་ཡོད་དབང་འཛིན་གྱིས་ ཉེས་ཆད་མ་བཀལ་མི་དེ་ དྲང་བདེན་དང་ རྣམ་དག་མེད་པའི་ དང་ལེན་བཟུམ་ཅིག་སྦེ་ མཐོང་སྣང་བྱུངམ་ཨིན་མས།
ག་འཆརཔ་ཟེར་བ་ཅིན་ ད་ཚུན་གྱི་བར་ན་ ཁྲིམས་སྲུང་འགག་པ་གིས་ སྨྱོ་རྫ་ས་ལོག་སྤྱོད་འབད་མི་ ན་གཞོན་བརྒྱ་ཕྲག་མང་རབས་ཅིག་ འཛིན་བཟུང་འབད་དེ་ ཁྲིམས་སར་བསྐྱལ་ཐོག་ལས་ བཙོན་ཁྲིམས་སྨིན་ཡོད་རུང་ གནམ་གྲུའི་ལས་བྱེདཔ་ཚུ་གི་ ཐད་ལུ་ལྷོདཔ་ད་ ཁྲིམས་མ་བཀལ་བར་ བཞག་མི་དེ་ རྒྱལ་ཁབ་ནང་ ཁྲིམས་ལུགས་གཉིས་ཡོདཔ་བཟུམ་སྦེ་ གསལ་སྟོན་འབདཝ་མས།
ཁྲིམས་འགལ་འབད་མི་ཚུ་གི་ ཐད་ལུ་ལྷོདཔ་ད་ སྨྱོ་རྫས་སྤྱོད་མི་དང་ ནག་ཚོང་འཐབ་མིའི་ནང་ འབྲེལ་གཏོགས་འབད་མི་ ག་བཟུམ་ཨིན་རུང་ གཅིག་མཚུངས་སྦེ་ ཉེས་ཁྲིམས་དང་ ཉེས་བྱ་བཀལ་དགོ།
གལ་སྲིད་ ཁྲིམས་ལུགས་གཉིས་སྦེ་ ལག་ལེན་འཐབ་པ་ཅིན་ རྒྱལ་ཁབ་ནང་ སྨྱོ་རྫས་ལག་ལེན་འཐབ་མི་དེ་ རྩ་མེད་གཏང་མི་ཚུགས།
མ་གཞི་ གནམ་གྲུའི་ལས་བྱེདཔ་ཚུ་ལུ་ སྨྱོ་རྫས་བརྟག་དཔྱད་འབདཝ་ད་ འཐུས་མི་ལ་ལོ་ཅིག་ལུ་ སྨྱོ་རྫས་སྤྱོད་པའི་ གྲུབ་འབྲས་ཐོན་མི་དང་འཁྲིལ་ འབྲེལ་ཡོད་དབང་འཛིན་༢ ཀྱིས་ ད་ལས་ཕར་ མི་མང་སྐྱེལ་འདྲེན་བཱསི་དང་ གླ་འཁོར་གྱི་ དེད་གཡོགཔ་ཚུ་ལུ་ཡང་ བརྟག་ཞིབ་འབད་ནི་སྦེ་ ཐག་བཅད་མི་དེ་ ཐབས་ཤེས་ལེགས་ཤོམ་ཨིན་རུང་ སྨྱོ་རྫས་སྤྱོད་མི་ཚུ་ལུ་ ཁྲིམས་ཀྱི་དང་ལེན་སྒྲིང་སྒྲི་མ་འབད་བ་ཅིན་ རྒྱལ་ཁབ་ནང་ སྨྱོ་རྫས་སྤྱོད་མི་དང་ ཚུལ་མིན་ཚོང་འབྲེལ་འཐབ་མི་ཚུ་ བཀག་འཛིན་འབད་ཚུགས་པར་ ལཱ་ཁག་འོང་ཟེར་ ཞུ་ནི་ཨིན།

About admin

Check Also

འབྲུག་པའི་ ཨམ་སྲུའི་ཕུཊ་བཱོལ་སྡེ་ཚན་ཚུ་གིས་ རྒྱལ་ཁ་ཐོབ་མ་ཚུགས་པར་ཡོདཔ།

༉ འདས་པའི་བདུན་ཕྲག་ལས་འགོ་བཙུགས་ སྤྱི་ཟླ་༣ པའི་ཚེས་༢༨ ཚུན་ བང་ལ་དེཤ་གི་རྒྱལ་ས་ ཌ་ཀ་ལུ་ རྒྱལ་སྤྱི་ཕུཊ༌བཱོལ་རྩེད་ཐང་ནང་སྦེ་ ལྷོ་ཨེ་ཤི་ཡཱན་ ཨམ་སྲུའི་ཕུཊ་བཱོལ་དོ་འགྲན་འབད་མིའི་ནང་ འབྲུག་ལས་ སྐྱེས་ལོ་༡༧ མན་ཆད་འབད་མི་ རྒྱལ་ཡོངས་ཨམ་སྲུའི་ཕུཊ༌བཱོལ་སྡེ་ཚན་གྱིས་ བཅའ་མར་གཏོགས་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *