སྨྱོ་རྫས་སྤྱོད་མི་ཕོ་སྐྱེས་ཅིག་ སྨན་བཅོས་འབད་བར་ གཏང་དགོ་པའི་འཁྲུན་ཆོད།

༉ ཐིམ་ཕུག་སྨད་ཝང་རྒེད་འོག་ ཁ་རི་ཕུག་ལས་ སྐྱེས་ལོ་༢༡ ལང་མི་ ཕོ་སྐྱེས་ཅིག་གིས་ སྨྱོ་རྫས་ཀེ་ན་བིས་འཆང་སྤྱོད་འབད་མིའི་ཐད་ཁར་ ན་ཧིང་སྤྱི་ཟླ་༡༢ པའི་ཚེས་༡༥ ལུ་ འཛིན་བཟུང་འབད་ཡོད་རུང་ ཁོ་གིས་འཆང་སྤྱོད་འབད་མི་ སྨྱོ་རྫས་དེ་ བཅའ་ཁྲིམས་ཀྱི་ ཟུར་དེབ་ནང་འཁོད་ཡོད་མི་ལས་ གཉིས་ལྟབ་བ་ ཉུངམ་སྦེ་ཡོད་ནི་དེ་གིས་ སྨན་བཅོས་འབད་བར་ གཏང་དགོ་པའི་ འཁྲུན་ཆོད་གནང་ནུག།
གནད་དོན་དེ་ཡང་ ན་ཧིང་ སྤྱི་ལོ་༢༠༡༧ ཟླ་༡༢ པའི་ཚེས་༡༥ གི་ ཕྱི་རུའི་ཆུ་ཚོད་༩:༣༤ ལུ་ ཉེས་འཛུགས་ཅན་གྱིས་ སྣུམ་འཁོར་མ་རུ་ཏི་ཀཱར་ཅིག་ནང་ལས་ སྨྱོ་རྫས་ཀེ་ན་བིས་འབག་སྟེ་ འགྲོ་འགྲུལ་འབད་ཡོད་པའི་ གསང་བའི་སྙན་ཞུ་ཅིག་ ཁྲིམས་སྲུང་འགག་སྡེ་ལུ་ ལྷོད་པའི་ཤུལ་ལུ་ ས་གནས་བར་སྦིས་སའི་ འཛུལ་སྒོ་ཉེ་འདབས་ལུ་ ཁྲིམས་སྲུང་འགག་སྡེའི་ ཞིབ་དཔྱད་སྡེ་ཚན་གྱིས་ འཚོལ་ཞིབ་འབདཝ་ད་ ཀེ་ན་བིས་ག་རཱམ་༣༢.༦༢༩༦ འཕྱོག་བཟུང་འབད་ནུག།
དེ་མ་ཚད་ ཉེས་འཛུགས་ཅན་གྱི་ ཆབ་གསང་བསྡུསཔ་ བརྟག་དཔྱད་འབད་བའི་སྐབས་ ཁོ་གིས་ ཀེ་ཧང་ལོག་སྤྱོད་འབད་ཡོད་པའི་ སྒྲུབ་བྱེད་ཐོན་ཡོདཔ་ཨིན་པས།
དེ་འབདཝ་ལས་ ཉེས་འཛུགས་ཅན་གྱིས་ འབྲུག་གི་ཞི་རྩོད་དང་ཉེས་རྩོད་བྱ་བའི་གནད་སྤྱོད་ཀྱི་ ཁྲིམས་དེབ་དོན་ཚན་༡༨༠ པའི་དགོངས་དོན་དང་འཁྲིལ་ རྒྱལ་གཞུང་འབྲུག་གི་འགག་སྡེ་གིས་ ཉེས་འཛགས་ཅན་ལས་ འཕྱོག་བཟུང་འབད་མི་ ཀེ་ན་བིསི་དེ་ འབྲུག་གི་སྨྱོ་རྫས་དང་སེམས་ཁམས་འཁྲུགས་རྫས་ རྫས་རིགས་ལོག་སྤྱོད་བཅའ་ཁྲིམས་ཀྱི་ དགོངས་དོན་ནང་བཀོད་པའི་ ཉེས་ཁྲིམས་ཀྱི་ཐད་ཁར་ ཉེས་འཛུགས་ཅན་ལུ་ འབྲུག་གི་སྨྱོ་རྫས་དང་སེམས་ཁམས་འཁྲུགས་རྫས་ རྫས་རིགས་ལོག་སྤྱོད་ཀྱི་བཅའ་ཁྲིམས་༢༠༡༥ དང་ སྤྱི་ལོ་༢༠༡༨ འཕྲི་སྣོན་བཅའ་ཁྲིམས་ཐོག་ བཅའ་ཁྲིམས་གཉིས་ཀྱིས་ འགབ་ཡོདཔ་ལས་ ཁྲིམས་ཀྱི་གཞི་རྩ་ ཁྲིམས་ཚད་འཇམ་དྲགས་ བཀལ་དགོཔ་སྦེ་ཨིན་པས།
དེ་དང་འཁྲིལ་ ཤུལ་མའི་བཅའ་ཁྲིམས་ འབྲུག་གི་སྨྱོ་རྫས་དང་སེམས་ཁམས་འཁྲུགས་རྫས་ རྫས་རིགས་ལོག་སྤྱོད་ འཕྲི་སྣོན་བཅའ་ཁྲིམས་༢༠༡༨ དོན་ཚན་༡༤༡ ཀ་པའི་ དགོངས་དོན་དང་འཁྲིལ་ མི་ངོམ་ཅིག་གིས་ སྨྱོ་རྫས་བཅའ་ཁྲིམས་དེའི་ ཟུར་དེབ་༧ པའི་ནང་ གཏེན་འབེབས་འབད་ཡོད་པའི་ ཚད་གཞི་དང་འདྲན་འདྲ་ ཡན་ན་ གཉིས་ལྟབ་ལས་ཉུངམ་སྦེ་ འཆང་པ་ཅིན་ ནག་ཚོང་འཐབ་པའི་གནོད་འགེལ་གྱི་ཚབ་སྦེ་ འབྲུག་གི་སྨྱོ་རྫས་དང་སེམས་ཁམས་འཁྲུགས་རྫས་ རྫས་རིགས་ལོག་སྤྱོད་ཀྱི་བཅའ་ཁྲིམས་ཀྱི་ དོན་ཚན་༡༥༢ པ་དང་༡༥༣ པའི་ དགོངས་དོན་དང་འཁྲིལ་ རྫས་རིགས་ལོག་སྤྱོད་ཀྱི་ གནོད་འགེལ་གྱི་འཁྲི་བ་སྦེ་ བརྩི་དགོཔ་ཨིན་པས།
དོན་ཚན་དེ་ཚུ་དང་འཁྲིལ་ ཉེས་འཛུགས་ཅན་ཁོ་ར་ འབྲུག་སྨྱོ་རྫས་བཀག་འཛིན་དབང་འཛིན་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ དེ་ལས་ རྒྱལ་གཞུང་འབྲུག་གི་འགག་སྡེའི་ འགོ་འདྲེན་ཐོག་ སྨན་བཅོས་འབད་བར་ གཏང་དགོཔ་སྦེ་ འཁྲུན་ཆོད་གནང་ཡོདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

 

About admin

Check Also

སྐྱེས་ལོ་༡༢ ཡན་ཆད་འབད་མི་ བུམོ་ཅིག་གིས་ ཨ་ལོ་སྐྱེས་ཡོདཔ།

༉ སྐྱེས་ལོ་༡༢ ཡན་ཆད་འབད་མི་ བུམོ་ཅིག་གིས་ ཨ་ལོ་སྐྱེས་ཡོད་མི་དེ་ལུ་ ཐིམ་ཕུག་ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་ཤུལ་ལས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ སྙན་ཞུ་འབད་མི་དེ་ ད་རེས་ནངས་པར་ ཁྲིམས་འདུན་ལུ་ རྩོད་བཤེར་འབད་བའི་བསྒང་ཨིན་པས། དེ་ཡང་ བུམོ་ཅིག་གིས་ སྤྱི་ལོ་༢༠༢༢ …

Leave a Reply

Your email address will not be published. Required fields are marked *