སྨྱོ་རྫས་ལོག་སྤྱོད་འབད་མི་ཚུ་ལུ་ བཟོད་བསྲན་མེདཔ།

༉ སྤྱི་ལོ་༢༠༡༥ ལས་ཚུར་ ཨིསི་པཱསི་མོ་པོ་རོག་སི་བཱོན་པ་ལཱསི་(SP+) ཟེར་མི་ སྨྱོ་རྫས་འཆང་སྤྱོད་དང་ ཚོང་འབྲེལ་འཐབ་མིའི་ནང་ མི་ངོ་༥༠༠ ལྷགཔ་ཅིག་ འཛིན་བཟུང་འབད་ཡོདཔ་མ་ཚད་ ཁྲིམས་འདུན་ཚུ་ལས་ཡང་ འབྲུག་གི་སྨྱོ་རྫས་དང་ སེམས་ཁམས་འཁྲུགས་རྫས་ རྫས་རིགས་ལོག་སྤྱོད་ཀྱི་ བཅའ་ཁྲིམས་དང་འཁྲིལ་ བཙོན་ཁྲིམས་ཡངས་ཆག་མེད་པར་ བཀལཝ་ཨིན་མས།
འདི་འབདཝ་ད་ ང་བཅས་ཀྱི་ ཁྲིམས་ལུགས་དམ་སྒྲིང་ག་དེ་སྦེ་ར་ཡོད་རུང་ སྨྱོ་རྫས་དང་ སེམས་ཁམས་འཁྲུགས་རྫས་ སྤྱོད་མི་དང་ ཚོང་འབྲེལ་འཐབ་མིའི་གྱངས་ཁ་ ཉིན་བསྟར་བཞིན་དུ་ ཡར་སེང་འགྱོ་མི་ལུ་ བལྟ་བ་ཅིན་ སྨྱོ་རྫས་དང་འབྲེལ་བའི་ ཁྲིམས་ལུགས་ལུ་ འདྲོག་འཇིགས་དང་ འཚེར་སྣང་བསྐྱེད་ནི་མེདཔ་ ཡང་ཅིན་ ཁྲིམས་ཡངས་དྲགས་མི་ལུ་བརྟེན་ འོང་ནི་ཨིན་མས།
བདུན་ཕྲག་འདི་ནང་ ཆེ་མཐོ་ཁྲིམས་འདུན་གྱིས་ སྨྱོ་རྫས་ཨེསི་པི་པ་ལཱསི་ཚུ་ ཚུལ་མིན་གྱི་སྒོ་ལས་ ཚོང་འབྲེལ་འཐབ་པའི་ རྩོད་དོན་ཁག་༤ ནང་ འབྲེལ་གཏོགས་ཡོད་མི་ རྩོད་ཟླ་༥ གི་ བཙོན་ཁྲིམས་དེ་ལུ་ བསྒྱུར་བཅོས་མེད་པར་ རྫོང་ཁག་ཁྲིམས་འདུན་ཚུ་གི་ འཁྲུན་ཆོད་ཚུ་ལུ་ གཞི་འཛིན་འབད་ཡོད་རུང་ མི་༢ ཀྱི་ བཙོན་ཁྲིམས་དེ་ ལོ་ངོ་༥ ལས་༩ ཚུན་ ཡར་སེང་རྐྱབ་མི་དེ་ཡང་ སྨྱོ་རྫས་ཀྱི་མང་ཉུང་དང་འཁྲིལ་ ཚད་ལྡན་དྲང་བདེན་གྱི་ གཞི་རྩ་དང་འཁྲིལ་ཨིན་མས།
ཨིན་རུང་ སྨྱོ་རྫས་འཆང་སྤྱོད་འབད་མི་དང་ རྩོད་ཟླ་ཚུ་གི་ རྒྱབ་མི་ཚུ་གིས་འབད་བ་ཅིན་ ཁྲིམས་འདུན་ལས་ ཉེས་ལས་དང་མ་འཁྲིལ་བའི་ ཉེས་ཁྲིམས་སྦོམ་བཀལ་མི་དེ་ རྣམ་དག་དང་ དྲན་བདེན་མེན་པའི་ཁར་ ཨེསི་པི་པ་ལཱསི་དེ་ ད་ལྟོ་ཡོད་མི་ བཅའ་ཁྲིམས་ཀྱི་ ཟུར་དེབ་ནང་ གསལ་བཀོད་འབད་འབདཝ་མེདཔ་ལས་ སྨྱོ་རྫས་གྲངས་སུ་ མི་ཚུད་ཟེར་ བདེན་ཁུངས་བཟང་སྟེ་ ཁོང་གི་ལས་མགྲོན་པ་ཚུ་ རྒྱབ་སྲུང་འབདཝ་ཨིན་མས།
འདི་འབདཝ་ལས་ རྫོང་ཁག་ཁྲིམས་འདུན་ཚུ་གིས་ ཨེསི་པི་པ་ལཱསི་སྨྱོ་རྫས་དང་འབྲེལ་བའི་ རྩོད་བཤེར་ཚུ་ལུ་ གྲོས་ཐག་བཅད་མ་ཚུགས་པར་ མངོན་མཐོ་ཁྲིམས་འདུན་ལས་ བར་ཞུགས་ཐོག་ སྨྱོ་རྫས་དེ་ བཀག་དམ་ཅན་གྱི་གྲངས་སུ་ ཚུད་མི་ཚུད་ཀྱི་ བཀའ་རྒྱ་གནང་དགོ་པའི་ ཞུ་བ་འབད་ནུག།
དེ་སྦེ་ བསྒུག་སྡོད་པའི་ ནམ་དུས་ལུ་ སྨྱོ་རྫས་འཆང་སྤྱོད་འབད་མི་དང་ ཚོང་འབྲེལ་འཐབ་མི་ མངམ་ཐོན་ཡོདཔ་ལས་ ཁྲིམས་འདུན་དང་ རྒྱབ་མི་ཚུ་གི་ དུས་ཚོད་འཕྲོ་བརླག་དང་ ལཱ་ལྟོ་ཆག་པའི་ གཞི་གནད་ཅིག་ལུ་གྱུར་བའི་ མངོན་གསལ་བྱུང་ཡི།
མ་གཞི་ མངོན་མཐོ་ཁྲིམས་འདུན་ལས་ བཀའ་རྒྱ་ལོགས་སུ་སྦེ་ གནང་གནངམ་མེདཔ་མ་ཚད་ མཐོ་གཏུགས་འབད་མི་ རྩོད་བཤེར་དག་པ་ཅིག་ འཁྲུན་ཆོད་མ་གནང་པར་ བསྣར་བཞག་ཡོད་རུང་ ཆེ་མཐོ་ཁྲིམས་འདུན་གྱིས་ བཀའ་རྒྱ་ལུ་ མ་བསྒུག་པར་ ཨེསི་པི་པ་ལཱསི་(SP+) དེ་ཡང་ ཨེསི་པི་(SP) སྨྱོ་རྫས་དང་ དབྱེ་བ་ག་ནི་ཡང་མེདཔ་སྦེ་ དོན་འགྲེལ་ཐོག་ ཉེས་འཛུགས་ཅན་ཚུ་ལུ་ བཙོན་ཁྲིམས་ཡངས་ཆག་མེད་པར་ བཀལ་མི་དེ་ མི་མང་ཤོས་ཅིག་གིས་ ངོས་ལེན་ལེགས་ཤོམ་འབདཝ་མས།
ཆེ་མཐོ་ཁྲིམས་འདུན་གྱི་ འཁྲུན་ཆོད་ནང་ འབྲུག་གི་སྨྱོ་རྫས་དང་ སེམས་ཁམས་འཁྲུགས་རྫས་ རྫས་རིགས་ལོག་སྤྱོད་ཀྱི་ བཅའ་ཁྲིམས་༢༠༡༥ ཅན་མའི་ ཟུར་དེབ་ནང་ ཨེསི་པི་པ་ལཱསི་དེ་ བཀག་དམ་ཅན་གྱི་གྲངས་སུ་ ཚུད་ཚུདཔ་མེདཔ་མ་ཚད་ དེ་ནང་ ཁྲིམས་འགལ་གྱི་རྫས་སྦྱོར་ ཌསི་ཊོར་པོར་སི་ཕི་ནི་ཟེར་མི་དེ་མེད་རུང་ འབྲུག་སྨྱོ་རྫས་བཀག་འཛིན་དབང་འཛིན་གྱིས་ ཁྲིམས་འདུན་ལུ་ ཨེསི་པི་སྨན་ཐུམ་གཉིས་ཆ་རའི་ནང་ མི་གི་སེམས་འཁྲུགས་པའི་ རྫས་སྦྱོར་དང་ ཁ་བརྙོག་ནི་གི་ ནུས་མ་ཡོད་པའི་ རྫས་སྦྱོར་ཡོདཔ་སྦེ་ སྙན་ཞུ་ཕུལ་ཡོད་མི་ལུ་ ངོས་ལེན་འབད་ཡི་ཟེར་བཀོད་ནུག།
ཉེས་འཛུགས་ཅན་ཚུ་གི་ རྒྱབ་མི་ཚུ་གིས་ ཨེསི་པི་པ་ལཱསི་ཚུ་ བཀག་དམ་ཅན་གྱི་ སྨྱོ་རྫས་གྲངས་སུ་ མི་ཚུད་ཟེར་ རྒྱབ་སྲུང་འབདཝ་ཨིན་རུང་ ཉེས་ཁྲིམས་ཕོག་མི་ཚུ་གིས་ སྨན་ཐུམ་རེ་གཉིས་མེན་པར་ འབོར་གྲངས་མངམ་སྦེ་ འབག་འོང་དགོཔ་མེད་མི་ལུ་བརྟེན་ ཁྲིམས་འདུན་ལས་ ཉེས་ཁྲིམས་ཚབས་ཆེན་བཀལ་ནུག།
འདི་བཟུམ་མའི་ ཁྲིམས་ཀྱི་ངོས་ལེན་ དམ་སྒྲིང་འབད་མི་དེ་ ཚུལ་མིན་གྱི་སྒོ་ལས་ སྨྱོ་རྫས་སྤྱོད་མི་དང་ ཚོང་འབྲེལ་འཐབ་མི་ཚུ་ལུ་ བཟོད་བསྲན་མེད་པའི་ བརྡ་འཕྲིན་ཨིནམ་བཞིན་དུ་ མི་མང་གི་ ཧོངས་ལས་འབད་རུང་ རྒྱལ་ཁབ་ནང་ ཁྲིམས་འགལ་ཐོག་ སྨྱོ་རྫས་འཆང་སྤྱོད་འབད་མི་ རྩ་མེད་བཟོ་ནིའི་ བརྩོན་ཤུགས་ལུ་ མཉམ་འབྲེལ་གང་དྲག་འབད་དགོཔ་ གལ་ཆེ་ཟེར་ ཞུ་ནི་ཨིན།

About admin

Check Also

ཕྱི་ཁར་འགྱོ་མི་ འབྲུག་མི་ཚུ་གི་དོན་ལུ་ སྤྱིར་བཏང་གོ་བརྡའི་ལས་རིམ།

༉ ད་ལྟོ་ གནད་དོན་ཚུ་ཁ་གསལ་སྦེ་ མ་ཤེས་ཏེ་འབད་རུང་ འབྲུག་མི་ལེ་ཤ་ཅིག་ར་ ཨཱསི་ཊེ་ལི་ཡ་ལུ་ སྣུམ་འཁོར་ཐུག་རྐྱེན་ལུ་བརྟེན་པའི་ ཤི་རྐྱེན་བྱུང་བའི་ཁར་ ལཱ་ཁག་རྐྱབ་དོ་ཡོད་པའི་ ལོ་རྒྱུས་ཚུ་གོ་མི་དེ་ རྒྱལ་ཡོངས་ལུ་ ཚ་གྱང་ཆེ་བའི་ གནད་དོན་ཅིག་ཨིནམ་ལས་ སེལ་ཐབས་འབད་དགོཔ་འདུག། འབྲུག་མི་ཚུ་གིས་ …

Leave a Reply

Your email address will not be published. Required fields are marked *