སྨྱོ་རྫས་ལག་ལེན་དང་འཆང་སྤྱོད་འབད་མི་ ཕོ་སྐྱེས་ཅིག་ལུ་ བཙོན་ཁྲིམས་ལོ་༥ བཀལ་ཡོདཔ།

༉ ཐིམ་ཕུག་རྫོང་ཁག་གི་ ཉེས་རྩོད་ཁྲིམས་ཁྲི་དང་པ་གིས་ སྤྱི་ཟླ་༥ པའི་ཚེས་༤ ལུ་ མོང་སྒར་དགྲ་མེད་རྩེ་ སྦིས་མཁར་ལས་ སྐྱེས་ལོ་༢༦ ལང་མི་ རྟ་མགྲིན་དཔལ་འབྱོར་གྱིས་ སྨྱོ་རྫས་ནག་ཚོང་དང་ འཆང་སྤྱོད་འབད་བའི་ ཉེས་འཛུགས་ཐོག་ བཙན་ཁྲིམས་ལོ་༥ བཀལ་ཡོདཔ་ཨིན་པས།
ཉེས་རྩོད་ཁྲིམས་ཁྲི་གིས་གནང་མི་ འཁྲུན་ཆོད་དང་འཁྲིལཝ་ད་ ཉེས་ཅན་དེ་གིས་ ཐིམ་ཕུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་རྙིངམ་གི་ས་ཁོངས་ནང་ ཁྲིམས་སྲུང་འགག་པ་གིས་ ཆ་རོགས་ཚུ་དང་གཅིག་ཁར་ ཞིབ་དཔྱད་འབད་བའི་སྐབས་ སྨྱོ་རྫས་ཨེསི་པི་པ་ལཱསི་སྨན་ཐུམ་༤༠ ཐོབ་ཡོདཔ་ཨིན་པས།
གསོ་བའི་བརྟག་དཔྱད་འབད་བའི་སྐབས་ཡང་ ཁོ་གིས་ སྨྱོ་རྫས་ཀེ་ཧང་དང་ བན་ཟོ་ཌི་ཡ་ཟི་པ་ཡེན དེ་ལས་ ཊ་མ་ཌོལ་ཚུ་ འབད་ཡོདཔ་སྦེ་ ཐོན་ཡོདཔ་ཨིན་པས།
དེ་འབདཝ་ལས་ ཉེས་ཅན་རྟ་མགྲིན་དཔལ་འབྱོར་གྱིས་ སྨྱོ་རྫས་སྤྱོད་པའི་ཁར་ ཁྲིམས་འགལ་ཐོག་ལས་ འཆང་སྤྱོད་འབད་མི་དེ་ འབྲུག་གི་སྨྱོ་རྫས་དང་སེམས་ཁམས་འཁྲུགས་རྫས་ རྫས་རིག་ལོག་སྤྱོད་བཅའ་ཁྲིམས་༢༠༡༨ ཅན་མའི་ དོན་ཚན་༡༤༡ པའི་ དང་པ་དང་འཁྲིལ་ཏེ་ དབྱེ་རིམ་གསུམ་པའི་ བཙོན་ཁྲིམས་བཀལ་ཡི་ཟེར་ འཁྲུན་ཆོད་ནང་བཀོད་ནུག།
ཉེས་ཅན་ཁོ་ར་ ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་མི་དེ་ཡང་ དུས་ཅི་ སྤྱི་ཟླ་༣ པའི་ཚེས་༡༠ གྱི་ཉིན་མར་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ སྐྱེས་མ་བཞག་ས་རྙིངམ་གི་ ཉེ་འདབས་ལུ་ཡོད་མི་ སྣུམ་འཁོར་བཞག་སའི་ས་ཁོངས་ནང་ བུཚ་དག་པ་ཅིག་གིས་ ཏམ་ཁུ་འཐུང་སྡོད་པའི་སྐོར་ལས་ གསང་བའི་སྙན་ཞུ་ལྷོད་མི་དང་འཁྲིལ་ ཞིབ་དཔྱད་འབདཝ་ད་ བདའ་ཟུན་ཡོདཔ་ཨིན་པས།
ཉེས་ཅན་གྱིས་ ཁྲིམས་འདུན་ལུ་ ཁྲིམས་སྲུང་འགག་པ་གིས་ སྨྱོ་རྫས་སྨན་ཐུམ་༤༠ བཙན་ལེན་འབད་མི་དེ་ ངེས་བདེན་ཨིན་ཟེར་ཞུ་བའི་ཁར་ དེ་ཚུ་ཡང་ ཁོ་ར་ ཧེ་མ་ལས་ སྨྱོ་རྫས་སྤྱོད་མི་ཅིག་འབད་ནི་དེ་གིས་ ཁོ་ར་སྤྱོད་ནིའི་དོན་ལུ་ འབག་འོང་ཡོདཔ་སྦེ་བཤད་ནུག།
ཨིན་རུང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཉེས་ཅན་གྱིས་འབག་འོང་མི་ སྨྱོ་རྫས་དེ་ འབྲུག་གི་སྨྱོ་རྫས་དང་སེམས་ཁམས་འཁྲུགས་རྫས་ རྫས་རིགས་ལོག་སྤྱོད་བཅའ་ཁྲིམས་ཀྱི་ ཟུར་དེབ་༧ པ་དང་འཁྲིལ་ གྲངས་ཚད་ལས་བརྒལ་ཡོད་པའི་ཁར་ ཁོ་ར་སྤྱོད་ནིའི་དོན་ལུ་ སྨྱོ་རྫས་སྨན་ཐུམ་༧༢ ཉོ་མི་ལས་༣༢ ཟ་ཚར་བའི་ལྷག་ལུས་༤༠ ལུས་ནུག་ཟེར་ བཤད་ཡོདཔ་ཨིན་པས།
ཉེས་ཅན་རྟ་མགྲིན་དཔལ་འབྱོར་གྱིས་ འཁྲུན་ཆོད་བཏོན་པའི་ ཞག་གྲངས་༡༠ གྱི་ནང་འཁོད་ལུ་ ཁེ་རྒུད་མ་བཏུབ་པ་ཅིན་ མཐོ་གཏུགས་འབད་ནིའི་ དབང་ཆ་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *