སྨྱོ་རྫས་འཆང་སྤྱོད་འབད་མི་ ཕོ་སྐྱེས་༢ འཛིན་བཟུང་།

༉ ཐིམ་ཕུག་གི་ ཁྲིམས་སྲུང་འགག་སྡེ་གིས་ སྤྱི་ཟླ་༡༢ པའི་ཚེས་༡༩ ལུ་ སྤམ་འཚོ་དང་ ཧོང་ཀོང་མར་ཀེཊ་ལས་ སྨྱོ་རྫས་ཨེསི་པི་པ་ལཱསི་ ལག་ལེན་འཐབ་ཡོད་པའི་ དོགས་པ་ཅན་ སྐྱེས་ལོ་༢༩ དང་ ༢༥ ལང་མི་ ཕོ་སྐྱེས་༢ འཛིན་བཟུང་འབད་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་སྡེ་གིས་ ཕོ་སྐྱེས་གཅིག་ལས་ ཨེསི་པི་པ་ལཱསི་༡,༧༦༨ དང་ སྐྱེས་ལོ་༢༥ ལང་མི་ལས་ ཨེསི་པི་པ་ལཱསི་༨ དེ་ཅིག་ ཐོབ་ཡོདཔ་ད་ སྐྱེས་ལོ་༢༩ ལང་མི་དེ་ སྤ་རོ་ལས་ རང་དབང་ཅན་གྱི་ ལྟ་བཤལ་ལམ་སྟོན་པ་ཅིག་ཨིན་པས།
ཁྲིམས་སྲུང་འགག་སྡེའི་ སྙན་ཞུ་དང་འཁྲིལ་བ་ཅིན་ ཕོ་སྐྱེས་༢ ཆ་ར་ སྨྱོ་རྫས་ལག་ལེན་འཐབ་ཡོདཔ་ གཏན་འཁེལ་བྱུངམ་ལས་ སྐྱེས་ལོ་༢༥ ལང་མི་དེ་ སྨྱོ་རྫས་སྤྱོད་ནི་ བཤོལ་བཞག་ཐོག་ ལེགས་ལམ་ལུ་ ཞུགས་བཅུག་ཐབས་ལུ་ འབྲུག་སྨྱོ་རྫས་བཀག་འཛིན་དབང་འཛིན་ནང་ བཏང་ཡོདཔ་ཨིན་རུང་ སྐྱེས་ལོ་༢༩ ལང་མི་ ཕོ་སྐྱེས་ཀྱི་ཐད་ཁར་ དབྱེ་དཔྱད་འབད་ནིའི་དོན་ལས་ དོ་དམ་འོག་ལུ་བཞག་སྟེ་ཡོད་ཟེར་ཨིན་པས།
ཁྲིམས་སྲུང་འགག་སྡེ་གིས་ ཐིམ་ཕུག་ནང་འཁོད་ལུ་ སྤྱི་ཟླ་༡༡ པ་ལས་ ད་ཚུན་ཟླཝ༢ ཀྱི་ནང་ སྨྱོ་རྫས་དང་འབྲེལ་བ་ཡོད་མི་ མི་གྲངས་༩༡ འཛིན་བཟུང་འབད་ཡོད་མི་ལས་༨༡ འབྲུག་སྨྱོ་རྫས་བཀག་འཛིན་དབང་འཛིན་ནང་ བཏང་ཡོདཔ་ཨིན་པས།
དེ་ཡང་ མི་གྲངས་༨༡ གི་གྲས་ལས་༧༧ ཕོ་སྐྱེས་དང་༤ ཨམ་སྲུ་ཨིནམ་ལས་ ཁོང་ཆ་ཁྱབ་ སྨྱོ་རྫས་སྤྱོད་མི་ལུ་བརྟེན་ འཛིན་བཟུང་འབད་ཡོདཔ་ད་ ཕོ་སྐྱེས་༤ པོ་དེ་ སྨྱོ་རྫས་ནག་ཚོང་དང་ འབྲེལ་བ་ཡོདཔ་བཞིན་དུ་ ཨམ་སྲུ་༡ དང་ ཕོ་སྐྱེས་༥ ཁྲིམས་འགལ་གྱི་ཐོག་ལས་ ཏམ་ཁུའི་ཐོན་སྐྱེད་འབག་འོང་མི་ལུ་བརྟེན་ འཛིན་བཟུང་འབད་ཡི་ཟེར་ ཁྲིམས་སྲུང་འགག་སྡེའི་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
སྨྱོ་རྫས་སྐྱེལ་སྤྱོད་ནང་ འབྲེལ་གཏོགས་འབད་མི་དེ་ སྐྱེས་ལོ་༡༤ ལས་༥༢ ཀྱི་བར་ན་འབད་མི་ཚུ་འདུག་ཟེར་ཨིནམ་ད་ སྨྱོ་རྫས་སྤྱོད་མི་ མང་ཤོས་ར་ ན་གཞོན་ཚུ་ཨིན་པས་ཟེར་ ཁྲིམས་སྲུང་འགག་སྡེའི་ འགོ་དཔོན་ཚུ་གིས་བཤད་ཡོད་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ།

 

About admin

Check Also

སྐྱེས་ལོ་༡༢ ཡན་ཆད་འབད་མི་ བུམོ་ཅིག་གིས་ ཨ་ལོ་སྐྱེས་ཡོདཔ།

༉ སྐྱེས་ལོ་༡༢ ཡན་ཆད་འབད་མི་ བུམོ་ཅིག་གིས་ ཨ་ལོ་སྐྱེས་ཡོད་མི་དེ་ལུ་ ཐིམ་ཕུག་ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་ཤུལ་ལས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ སྙན་ཞུ་འབད་མི་དེ་ ད་རེས་ནངས་པར་ ཁྲིམས་འདུན་ལུ་ རྩོད་བཤེར་འབད་བའི་བསྒང་ཨིན་པས། དེ་ཡང་ བུམོ་ཅིག་གིས་ སྤྱི་ལོ་༢༠༢༢ …

Leave a Reply

Your email address will not be published. Required fields are marked *