༉ ད་རེས་ནངས་པར་ འབྲུག་རྒྱལ་ཁབ་ནང་ སྨྱོ་རྫས་འཆང་སྤྱོད་དང་ ནག་ཚོང་འཐབ་པའི་ དཀའ་ངལ་ཚབས་ཆེན་ཅིག་ལུ་ གྱུར་ཡོད་པའི་ ནམ་དུས་ལུ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ སྨྱོ་རྫས་ལག་ལེན་མེད་པའི་ ཞི་གཡོག་ལམ་ལུགས་ཅིག་ བཟོ་ནི་གི་ འབད་རྩོལ་བསྐྱེད་མི་དེ་ ཐབས་བྱུས་ལེགས་ཤོམ་ཅིག་ཨིན་མས།
དེ་ཡང་ སྤྱི་ལོ་༢༠༡༨ འགོ་བཙུགསཔ་ད་ ལྷན་ཚོགས་ཀྱིས་ ཞི་གཡོག་ནང་ ཞི་གཡོག་ནང་ འཛུལ་ནི་གི་ དང་འདོད་ཡོད་མི་ ཆ་མཉམ་ལུ་ ལཱ་གཡོག་ནང་ མ་འཛུལ་བའི་ཧེ་མ་ སྨྱོ་རྫས་ལག་ལེན་འཐབ་ཡོད་མེད་ བརྟག་དཔྱད་འབད་ནི་ཨིན་པའི་སྐོར་ འདས་པའི་བདུན་ཕྲག་ནང་ གསལ་བསྒྲགས་འབད་ནུག།
གསལ་བསྒྲགས་དེ་ལུ་ མི་མང་ལས་ ངོས་ལེན་ལེགས་ཤོམ་འབད་མི་དེ་ཡང་ ཞི་གཡོག་ནང་ འཛུལ་འདོད་ཡོད་མི་ ན་གཞོན་ཚུ་གིས་ བཀག་དམ་ཅན་གྱི་ སྨྱོ་རྫས་ལོག་སྤྱོད་འབད་ནི་ལས་ འཛེམ་ནི་གི་ འོས་འབབ་ཡོད་ནི་དེ་གིས་ཨིན་མས།
རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ ཁྱབ་བསྒྲགས་དང་འཁྲིལ་བ་ཅིན་ སྤྱི་ལོ་༢༠༡༨ ཟླ་༡ པའི་ནང་ ཞི་གཡོག་ནང་ འཛུལ་འདོད་ཡོད་མི་ཚུ་གིས་ གསོ་བའི་ལག་ཁྱེར་དང་གཅིག་ཁར་ བཀག་དམ་ཅན་གྱི་ སྨྱོ་རྫས་སྤྱོད་ཡོད་མེད་ཀྱི་ བརྟག་དཔྱད་ངེས་པར་དུ་འབད་དགོཔ་མ་ཚད་ སྤྱི་ལོ་༢༠༡༧ གྱི་ ཞི་གཡོག་ཆོས་རྒྱུགས་རྐྱབ་མི་ཚུ་གིས་ཡང་ སྨྱོ་རྫས་ཀྱི་ བརྟག་དཔྱད་འབད་དགོ་ཟེར་ཨིན་མས།
གལ་སྲིད་ ཕོ་མོ་གང་རུང་གི་ ཁ་ཐུག་ལས་ གསོ་བའི་ལག་ཁྱེར་དང་ སྨྱོ་རྫས་བརྟག་དཔྱད་ཀྱི་སྙན་ཞུ་ཚུ་ གསལ་སྟོན་མ་འབད་བའི་ཁར་ བརྟད་དཔྱད་སྙན་ཞུ་ནང་ སྨྱོ་རྫས་ལོག་སྤྱོད་འབད་ཡོད་པའི་ གྲུབ་འབྲས་ཐོན་པ་ཅིན་ ཞི་གཡོག་ནང་ འཛུལ་ནི་ལས་ ཆ་མེད་གཏང་ནི་ཨིན་རུང་ གོ་སྐབས་ཐེངས་༢ པ་ བྱིན་ནི་ཟེར་ཨིནམ་ད་ དེ་ཡང་ ཞི་གཡོག་ཆོས་རྒྱུགས་ལོག་རྐྱབ་ནི་གི་ གོ་སྐབས་འཐོབ་འོང་ཟེར་ཨིན་པས།
ཨིན་རུང་ མི་ངོ་དེ་གིས་ ད་རུང་ གསོ་བའི་ལག་ཁྱེར་གསལ་སྟོན་འབད་དགོཔ་མ་ཚད་ སྨྱོ་རྫས་བརྟག་དཔྱད་འབད་ནི་ཨིནམ་ད་ དེ་གི་དོན་ལུ་ ཟད་འགྲོ་ཚུ་ རང་གིས་ གཏང་དགོཔ་ཨིན་པས།
གསལ་བསྒྲགས་དང་འཁྲིལ་བ་ཅིན་ ཞི་གཡོག་ནང་ཡོད་མི་ཚུ་ལུ་ཡང་ སྨྱོ་རྫས་ལོག་སྤྱོད་འབད་ཡོད་མེད་ཀྱི་ བརྟག་དཔྱད་འབད་འོང་ཟེར་ཨིནམ་ད་ མ་གཞི་ ལམ་ལུགས་དེ་ ལེགས་ཤོམ་ཅིག་ཨིན་རུང་ ད་རེས་ནངས་པར་ རྒྱལ་ཁབ་ནང་འཁོད་ལུ་ ཞི་གཡོགཔ་ཡོངས་བསྡོམས་༢༧,༠༠༠ ལྷགཔ་ཅིག་ཡོདཔ་ལས་ བརྟག་དཔྱད་འབད་ཚུགས་པའི་ འོས་འབབ་ཅིག་ མི་མཐོངམ་མས།
འབྲེལ་ཡོད་དབང་འཛིན་གྱིས་ ཞི་གཡོགཔ་ཆ་མཉམ་ལུ་ སྨྱོ་རྫས་ལོག་སྤྱོད་འབད་ཡོད་མེད་ཀྱི་ བརྟག་དཔྱད་འབད་རུང་ སྨྱོ་རྫས་སྤྱོད་པའི་ གྲུབ་འབྲས་ཐོན་པ་ཅིན་ འབྲེལ་ཡོད་ཞི་གཡོགཔ་ལུ་ དང་ལེན་ག་དེ་སྦེ་ འབད་འོང་ག་ཟེར་ ལ་ལོ་ཅིག་གིས་ དྲི་བཀོད་འབད་མི་དེ་ཡང་ འཕྲལ་ཁམས་ཅིག་ཁར་ སྤ་རོ་གནམ་གྲུ་ཐང་ནང་ རྟོག་མེད་བརྟག་དཔྱད་འབདཝ་ད་ གནམ་གྲུའི་དེད་དཔོན་༢ དང་ ལས་བྱེདཔ་དག་པ་ཅིག་ལུ་ སྨྱོ་རྫས་སྤྱོད་ཡོད་པའི་ གྲུབ་འབྲས་ཐོན་རུང་ སྒྲིགས་ཁྲིམས་དང་འབྲེལ་བའི་ དང་ལེན་མ་འབད་བར་ བཞག་ནི་དེ་གིས་ཨིན་མས།
འབྲུག་གནམ་གྲུ་ལས་འཛིན་དང་ བཀྲིས་མཁའ་འགྲུལ་ལས་སྡེའི་ ལས་གཡོག་པའི་ སྒྲིག་གཞི་ནང་ སྨྱོ་རྫས་ལ་སོགས་པ་ ལག་ལེན་འཐབ་པ་ཅིན་ ཀུན་སྤྱོད་རྣམ་གཞག་ལས་འགལ་བའི་ ཉེས་ཁྲིམས་ཚུ་ ཕོགཔ་བཞིན་དུ་ ཞི་གཡོགཔ་ཚུ་གི་ ཀུན་སྤྱོད་རྣམ་གཞག་༢༠༡༠ ཅན་མ་དང་ ཞི་གཡོག་པའི་ བཟང་སྤྱོད་རྣམ་གཞག་དང་འཁྲིལ་རུང་ སྨྱོ་རྫས་སྤྱོད་མ་ཆོགཔ་སྦེ་ཡོདཔ་ཨིན་མས།
འདི་འབདཝ་ད་ ང་བཅས་ལུ་ཐོབ་མི་ ཉམས་མྱོང་དང་འཁྲིལ་བ་ཅིན་ ཁྲིམས་བསྟར་སྤྱོད་ནང་ལྷོདཔ་ད་ ལས་གཡོག་པའི་ བཅའ་ཡིག་དང་ སྒྲིག་གཞི་ནང་ ག་དེ་སྦེ་ར་ འཁོད་དེ་ཡོད་རུང་ དེ་དང་འཁྲིལ་ དང་ལེན་འབད་ནི་མེད་པའི་བསྒང་ལས་ ཚུལ་མིན་དང་ བྱ་ངན་འབད་མི་ཚུ་ལུ་ ལྷག་པར་དུ་ སེམས་ཤུགས་བྱུངམ་ཨིན་མས།
མདོར་བསྡུ་སྟེ་ ཞུ་བ་ཅིན་ ལམ་ལུགས་འགོ་བཙུགས་ཞིནམ་ལས་ མགུ་འཁྱུ་བ་གདོང་དགཔ་སྦེ་ འབད་ནི་དེ་ གལ་ཆེ་མི་དེ་ཡང་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་རྐྱངམ་གཅིག་མེན་པར་ ལས་སྡེ་གཞན་ག་གིས་ར་འབད་རུང་ སྨྱོ་རྫས་ལོག་སྤྱོད་འབད་ཡོད་མེད་ཀྱི་ བརྟག་དཔྱད་འབདཝ་ད་ དམིགས་བསལ་དུ་ ལས་བྱེདཔ་ཚུ་ལུ་ སྨྱོ་རྫས་སྤྱོད་ཡོད་པའི་ གྲུབ་འབྲས་ཐོན་པ་ཅིན་ བདག་སྐྱོང་དང་འབྲེལ་བའི་ དང་ལེན་དམ་སྒྲིང་འབད་དགོ་ཟེར་ ཞུ་ནི་ཨིན།
Check Also
ཆུ་ཁ་རྫོང་ཁག་གི་ འདེམས་ངོ་ཚུ་གིས་ ཁྲིམས་ལུགས་དང་ སྲིད་བྱུས་ཚུ་ བསྐྱར་ཞིབ་འབད་ནི་ལུ་ གཙོ་བོར་བཏོན་ཡོདཔ།
༉ ཆུ་ཁ་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོ་སྦེ་ དོ་འགྲན་འབད་མི་ འདེམས་ངོ་༤ པོ་ཆ་ར་གིས་ རྒྱལ་ཁབ་ཀྱི་ ཁྲིམས་ལུགས་དང་ སྲིད་བྱུས་ སྒྲིག་གཞི་ཚུ་ རྒྱལ་ཁབ་དང་མི་སེར་ལུ་ དགོས་མཁོ་ཡོད་མེད་དང་ ཕན་ཐོགས་ཡོད་མེད་ཀྱི་ ཞིབ་དཔྱད་འབད་ཞིནམ་ལས་ བསྐྱར་ཞིབ་འབད་ནི་ལུ་ …