༉ འཕྲལ་ཁམས་ཅིག་ཁར་ ཉེས་ལས་ནན་བསྐྱར་འཐབ་མི་ཅིག་ བར་ན་རྒྱབ་མི་བཙུགས་ཏེ་ དོ་དམ་འོག་ལས་ བཏང་མི་ལུ་བརྟེན་ བཀྲིས་སྒང་ཁྲོམ་ཁར་ སྡོད་མི་ཚུ་ལུ་ ཚ་གྱང་ལང་དགོཔ་ བྱུང་ཡོད་རུང་ ཁ་ཙ་ རྫོང་ཁག་ཁྲིམས་འདུན་གྱིས་ འཁྲུན་ཆོད་གནང་པའི་ཤུལ་ལས་ བློ་བདེ་ཏོག་ཏོ་བྱུང་ཡོདཔ་ཨིན་པས།
དེ་ཡང་ སྐྱེས་ལོ་༣༧ ལང་མི་ རྩོད་ཟླ་བཀྲིས་དབང་འདུས་དེ་ བཀག་དམ་ཅན་གྱི་ སྨྱོ་རྫས་ཚུ་ ཚུལ་མིན་གྱི་སྒོ་ལས་ འཆང་སྤྱོད་དང་ ཚོང་འབྲེལ་འཐབ་པའི་བཙོན་ཁྲིམས་ ལོ་ངོ་༧ བཀལ་ཏེ་ ལོག་སྟེ་ར་ བཙོན་ཁང་ནང་ བཙུགས་ཡོདཔ་ཨིན་པས།
བཀྲིས་དབང་འདུས་ཀྱིས་ ཨེན་ཊེན་ཟེར་མི་ སྨྱོ་རྫས་ནེ་ཊོ་སཱོན་སྨན་ལེབ་༡༩ དང་ ཨེསི་པི་པ་ལཱསི་སྨན་ཐུམ་༢༥༢ འཆང་སྤྱོད་འབད་བའི་ཉེས་རིམ་༤ པ་དང་༣ པའི་ བཙོན་ཁྲིམས་ཕོག་ཡོདཔ་ཨིན་པས།
རྩོད་ཟླ་བཀྲིས་དབང་འདུས་ཀྱིས་ ཁོ་རའི་ མི་ཚེ་བསྐྱར་གསོ་འབད་ནིའི་དོན་ལུ་ ལམ་བཟང་ལྟེ་བའི་ནང་ གཏང་གནང་དགོ་པའི་ ཞུ་བ་འབད་མི་ལུ་ ཁྲིམས་འདུན་ལས་ ངོས་ལེན་མ་འབད་མི་དེ་ཡང་ བཙོན་ཁྲིམས་ལོ་༣ མན་ཆད་ཕོག་མི་ཚུ་ལུ་རྐྱངམ་གཅིག་ གཏང་ཆོག་ནི་དེ་གིས་ཨིན་པས།
བཀྲིས་དབང་འདུས་དེ་ སྤྱི་ཟླ་༥ པའི་ཚེས་༡༥ ལུ་ ཁྲིམས་འདུན་གྱི་ བཀའ་རྒྱ་དང་འཁྲིལ་ དོ་དམ་འོག་ལས་ བཏང་པའི་ཤུལ་ལས་ ཁྲོམ་ཁར་སྡོད་མི་ཚུ་ལུ་ ཚ་གྱང་ལང་དགོཔ་ བྱུང་མི་དེ་ཡང་ ཉེས་ལས་ཡང་བསྐྱར་འཐབ་སྟེ་ མི་གཞན་ཚུ་ཡང་ ནང་དོག་སར་ ཚུད་ནི་གི་ ཉེན་ཁ་ཡོད་མི་ལུ་བརྟེན་ཨིན་པས།
ཁྲོམ་ཁར་སྡོད་མི་ཅིག་གིས་ སླབ་མིའི་ནང་ རྩོད་ཟླ་དེ་ སྨྱོ་རྫས་ཁོ་ར་ ལག་ལེན་འཐབ་མ་ཚད་ ཁྲོམ་ཁར་སྡོད་མི་ གཞན་ཚུ་ལུ་ཡང་ བཙོང་མི་ཅིག་ཨིནམ་ད་ ཁོ་གི་ ཉེས་ལས་ལུ་བརྟེན་ མི་གཞན་དག་པ་ཅིག་ བཙོན་ནང་ཚུད་དེ་ཡོད་ཟེར་ བཤདཔ་ཨིན་པའི་གནས་ཚུལ།
Check Also
ལྷ་མོའི་རྫིང་ཁ་ལུ་ རི་དྭགས་སེམས་ཅན་དང་ མིའི་བྲེལ་ཟིང་ཡར་སེང་།
༉ སྐྱེས་ལོ་༧༣ ལང་མི་ ཀར་ན་བྷ་དུར་ མོང་གར་དེ་ རྐངམ་ཞརཝ་ཐལ་ཏེ་ ལོ་༨ ལང་དོ་ཡོདཔ་ལས་ མི་ཚེའི་གནས་ སྟངས་ ལཱ་ཁག་ཅན་ཅིག་ལུ་ གྱུར་ཡོདཔ་ཨིན་པས། ཨིན་རུང་ ཁོ་ར་ གླངམོ་ཆེ་གིས་བསྣད་དེ་ …