སྨྱོ་རྫས་བཀག་ནིའི་ ཐབས་ལམ་གཞན?

༉ འབྲུག་འདི་སྐོབས་ཚུད་ཅན་གྱི་ རྒྱལ་ཁབ་ཆུང་ཀུ་ཅིག་ཨིནམ་མ་ཚད་ མི་རློབས་ལས་འབད་རུང་ ཉུང་སུ་ཅིག་ལས་བརྒལ་མེད་རུང་ བཀག་དམ་ཅན་གྱི་ སྨྱོ་རྫས་དང་ སེམས་ཁམས་འཁྲུགས་རྫས་དང་འབྲེལ་བའི་ གནོད་འགེལ་ཚུ་ མར་གནོན་འབད་མ་ཚུགས་པར་ གདོང་ལེན་ཅན་སྦེ་ར་ གནས་ཏེ་ཡོདཔ་ཨིན།

ཁྲིམས་སྲུང་འགག་སྡེ་གིས་ སྤྱི་ལོ་༢༠༡༣ ཟླ་༡༢ པའི་ནང་ རྒྱལ་ཁབ་ནང་འཁོད་ལུ་ སྨྱོ་རྫས་ནག་ཚོང་འཐབ་མི་དང་ ལོག་སྤྱོད་འབད་མི་ཚུ་ ཤུགས་གནོན་ཐོག་ འབྲུག་འདི་ སྨྱོ་རྫས་མེད་པའི་ མི་སྡེ་སྦེ་ བཟོ་ནི་གི་ ལས་རིམ་འགོ་བཙུགས་ནུག།

དེ་བཟུམ་སྦེ་ སྤྱི་ཚོགས་ཀྱིས་ཡང་ ཁྲིམས་འགལ་གྱི་ སྨྱོ་རྫས་དགོས་བརྗོད་དང་ བཀྲམ་སྤེལ་མར་ཕབ་ཀྱི་དོན་ལུ་ འབྲུག་གི་སྨྱོ་རྫས་དང་ སེམས་ཁམས་འཁྲུགས་རྫས་ རྫས་རིགས་ལོག་སྤྱོད་ཀྱི་བཅའ་ཁྲིམས་༢༠༡༥ ཅན་མ་དེ་ ཆ་འཇོག་ཐོག་ ཉེས་ཁྲིམས་དམ་དམ་བཟོ་ཡོདཔ་མ་ཚད་ ཁྲིམས་སྲུང་འགག་སྡེའི་ ཁ་ཐུག་ལས་འབད་རུང་ སྨྱོ་རྫས་ནག་ཚོང་འཐབ་མི་ བདའ་ཟུནམ་ད་ དོགས་ཅན་ཚུ་ ངོ་པར་དང་སྦྲགས་ མི་སྡེ་བརྡ་བརྒྱུད་ནང་ གསལ་སྟོན་འབད་དང་ འབད་བཞིན་དུ་འདུག།

དེ་འབདཝ་ད་ འགག་སྡེ་གིས་ སྨྱོ་རྫས་ཤུགས་གནོན་འབད་དེ་ ལོ་ངོ་༩ དེ་ཅིག་ ལང་ཡོད་རུང་ སྨྱོ་རྫས་མར་གནོན་མེན་པར་ ལྷག་པར་དུ་ ནག་ཚོང་འཐབ་མི་ ཡར་འཕར་སོང་ཡོདཔ་ལས་ ཁྲིམས་དམ་སྒྲིང་བཟོ་མི་དེ་གིས་ སྨྱོ་རྫས་དང་འབྲེལ་བའི་ གནོད་འགེལ་འབད་མི་ཚུ་ མར་ཕབ་འབད་ནི་ལུ་ ཕན་ཐོགས་མ་ཚུགས་པས།

དཔེར་ན་ རྒྱལ་ཁབ་ནང་ སྤྱི་ལོ་༢༠༢༠ ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོན་ཏེ་ རྒྱས་སྤྱིའི་ས་མཚམས་ཚུ་ སྒོ་བསྡམས་ཡོདཔ་མ་ཚད་ འགྲོ་འགྲུལ་ཚུ་ ཚད་འཛིན་འབད་ཡོད་རུང་ ལོ་དེ་ནང་ སྨྱོ་རྫས་ནག་ཚོང་འཐབ་མི་དང་ སྤྱོད་མིའི་གནད་དོན་༤༥༥ ཐོ་བཀོད་འབད་ནུག།

འདས་པའི་ལོ་ངོ་༩ གི་ནང་འཁོད་ལུ་ སྨྱོ་རྫས་ཀྱི་ གནོད་འགེལ་ལུ་བརྟེན་ མི་ངོ་༧,༠༠༠ ལྷགཔ་ཅིག་ལུ་ བཙོན་ཁྲིམས་ཕོག་ཡོདཔ་ད་ སྤྱི་ཚོགས་ཀྱིས་ སྤྱི་ལོ་༢༠༡༥ ལུ་ སྨྱོ་རྫས་དང་ སེམས་ཁམས་འཁྲུགས་རྫས་ རྫས་རིགས་ལོག་སྤྱོད་ཀྱི་བཅའ་ཁྲིམས་ ཆ་འཇོག་གྲུབ་སྟེ་ ལོ་༢ ཀྱི་ཤུལ་ལས་ སྨྱོ་རྫས་ཀྱི་ གནོད་འགེལ་འབད་མི་༥༥༥ དང་ སྤྱི་ལོ་༢༠༡༨ ལུ་ ངོ་རྐྱང་༦༢༠ འཛིན་བཟུང་འབད་ནུག།

ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༦ པའི་ཚེས་༡༥ ལུ་ སྐྱེས་ལོ་༢༢ ལས་༤༠ གི་ བར་ན་འབད་མི་ ཨམ་སྲུ་༢ དང་ ཕོ་སྐྱེས་༣ སྨྱོ་རྫས་ནག་ཚོང་ལུ་བརྟེན་ འཛིན་བཟུང་འབད་བའི་ཁར་ སྨྱོ་རྫས་ཨེསི་པི་སྨན་ཐུམ་༡༨,༡༨༤ འཕྱོག་བཟུང་འབད་ཡོདཔ་ད་ དེ་གི་ཧེ་མར་ སྤྱི་ཟླ་༦ པའི་ཚེས་༡༤ ལུ་ དགེ་འདུ་ཁྲིམས་སྲུང་འགག་པ་གིས་ སྨྱོ་རྫས་ཨེསི་པི་+༡༧,༤༠༠ དང་སྦྲགས་ ཨམ་སྲུ་༡ དང་ ཕོ་སྐྱེས་༣ འཛིན་འབད་མི་ཚུ་ཡང་ སྐྱེས་ལོ་༢༢ ལས་༥༦ གི་བར་ན་འབད་མི་ཨིན་མས།

ཁྲིམས་བསྟར་སྤྱོད་འབད་མི་ཚུ་གིས་ ལྟ་རྟོག་དམ་དམ་འབད་རུང་ གནོད་འགེལ་འབད་མི་ ཡར་སེང་འགྱོ་མིའི་ གནད་དོན་ག་ཅི་ཨིན་ན?

སྨྱོ་རྫས་ཚུ་ དོ་དམ་ཁང་ཚུ་ནང་ཡང་ ཐོབ་ཡོད་པའི་ འཐོར་གཏམ་ཡོདཔ་མ་ཚད་ མི་ཚུ་གིས་འབད་བ་ཅིན་ ཁྲིམས་སྲུང་འགག་པ་གིས་ བར་ན་ལས་ ཚོང་ཕྱམ་ཕྱིམ་རྐྱབ་མི་ཚུ་ འཛིན་བཟུང་འབད་དེ་ ནག་ཚོང་ངོ་མ་འཐབ་མི་དང་ བཀྲམ་སྤེལ་འབད་མི་ ཉ་ཆེན་ཚུ་ འཛིན་བཟུང་མ་འབད་བར་ བཞག་མི་ལུ་བརྟེན་ འོང་ནི་མས་ཟེར་ཨིན་མས།

མགྱོགས་པ་ར་ རྒྱལ་སྤྱིའི་ས་མཚམས་ཚུ་ སྒོ་ཕྱེ་ནི་གི་ ལོ་རྒྱུས་ཡོདཔ་ལས་ ཚུལ་མིན་གྱི་སྒོ་ལས་ སྨྱོ་རྫས་དང་ སེམས་ཁམས་འཁྲུགས་རྫས་ཀྱི་རིགས་ ནག་ཚོང་འཐབ་མི་ ལྷག་པར་དུ་ ཡར་འཕར་འགྱོ་ནིའི་ ཉེན་ཁ་ཡོདཔ་ལས་ ཕན་རླབས་ཆེ་བའི་ སྨྱོ་རྫས་བཀག་འཛིན་འབད་ནིའི་ འོས་འབབ་ལྡན་པའི་ སྔོན་འགོག་དང་ ཚད་འཛིན་ནམ་ བཀག་འཛིན་གྱི་ ཐབས་ལམ་ཚུ་ བཏོན་དགོ་པའི་ དུས་ཚོད་རན་ནུག།

ཁྲིམས་དམ་དམ་བཟོ་མི་གིས་ ཁྱད་པར་བཟོ་མ་ཚུགས་པ་ཅིན་ ཁྲིམས་བསྟར་སྤྱོད་འབད་ནི་ཚུ་ གཅིག་མཚུངས་བཟོ་དགོཔ་མ་ཚད་ སྨྱོ་རྫས་ལོག་སྤྱོད་འབད་མི་ཚུ་ སྨན་བཅོས་དང་ བརྡ་དོན་ཤེས་ཡོན་སྤྲོད་ནི་ལུ་ གཙོ་རིམ་བཟུང་དགོ།

སྨྱོ་རྫས་ཀྱི་བཅའ་ཁྲིམས་༢༠༡༥ ཅན་མའི་ ངོ་སྤྲོད་ནང་ བཀོད་དོ་བཟུམ་ སྨྱོ་རྫས་དང་སེམས་ཁམས་འཁྲུགས་རྫས་ལོག་སྤྱོད་དང་ ཁྲིམས་འགལ་ཚོང་སྒྱུར་བཀག་འཛིན་གྱི་ལཱ་ཚུ་ ནུས་ཤུགས་དང་ལྡནམ་སྦེ་ འབད་དགོ་པ་ཅིན་ རྒྱལ་ཁབ་ནང་འཁོད་ཀྱི་ ཁྲིམས་བསྟར་སྤྱོད་ཀྱི་ ལས་སྡེ་ཚུ་གི་བར་ན་ མཉམ་འབྲེལ་དང་ མཐུན་འབྲེལ་དགོཔ་མ་ཚད་ མི་སྡེའི་རྒྱབ་སྐྱོར་ཡང་དགོ། 

དེ་འབདཝ་ལས་ ང་བཅས་ཀྱིས་ མི་སྡེ་ནང་ སྨྱོ་རྫས་རྩ་ལས་མེདཔ་ བཟོཝ་དང་འབྲེལ་ ཁྲིམས་དང་ ལག་ལེན་ཚུ་ཡང་ འོས་འབབ་དང་ལྡན་ཏོག་ཏོ་དགོ།

About admin

Check Also

ཕྱི་རྒྱལ་མདའ་གཞུའི་ མདའ་རྩེད་བཀག་ཆ་འབད་མི་གིས་ ཟ་ཁང་ལུ་ ཐོ་ཕོག་ཡོདཔ།

༉ ཐིམ་ཕུག་ལྕང་གླིང་མི་ཐང་གི་ འབའ་སྐྱོར་ཐང་ནང་ ཨ་རྟག་བཟུམ་སྦེ་ ཕྱི་རྒྱལ་མདའ་གཞུའི་ཐོག་ལས་ རྩེད་འགྲན་འབད་ནི་ བཀག་ཆ་འབད་བའི་ཤུལ་ལས་ ས་ཁོངས་ནང་ བཟའ་འཐུང་གི་རིགས་བཙོང་སྡོད་མི་ གནས་སྦྲེལ་ཟ་ཁང་གི་ ཇོ་བདག་ལུ་ གནོད་སྐྱོན་སྦོམ་རྐྱབ་སྟེ་ཡོདཔ་ཨིན་པས། དེ་ཡང་ དུས་ཅི་ སྤྱི་ཟླ་༡ …

Leave a Reply

Your email address will not be published. Required fields are marked *