༉ སྐྱེས་ལོ་༣༧ ལང་མི་ ཕོ་སྐྱེས་ཅིག་གིས་ སྨྱོ་རྫས་ཀེ་ན་བིསི་དང་ དེ་ལས་བཟོ་མི་རིགས་ཚུ་ ནག་ཚོང་འཐབ་ནིའི་ དཔའ་བཅམ་མི་ལུ་བརྟེན་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ དབྱེ་རིམ་༣ པའི་ཉེས་ཁྲིམས་བཀལ་དགོ་པའི་ ཉེས་འཛུགས་ཐོག་ ཇོ་མོ་གཙང་ཁ་དྲུང་ཁག་ཡིག་ཚང་ནང་ བཤེར་ཡིག་བཙུགས་ཡོདཔ་ཨིན་པས།
ཉེས་བཤེར་དང་འཁྲིལཝ་ད་ གསེར་ཐི་རྒེད་འོག་ བར་ཀ་ལང་ནང་ལས་ཨིན་མི་ ཉེས་འཛུགས་ཅན་ ཨོ་རྒྱན་དབང་ཕྱུག་དང་ ཁོ་རའི་ཉེས་འབྲེལ་པ་ དབང་རྒྱལ་མཚན་གྱིས་ སྤྱི་ལོ་༢༠༡༦ ཟླ་༡༠ པའི་ཚེས་༢༩ ལུ་ ཀེ་ན་བིསི་ཀེ་ཇི་༡༠༠ འབད་མི་ ཕད་ཙི་༣ འབག་སྟེ་ རྒྱ་གར་གྱི་ས་ཁོངས་ནང་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༦༥༠ རེ་སྦེ་བཙོང་སྟེ་ བསྡོམས་དངུལ་ཀྲམ་༦༥,༠༠༠ ཐོབ་ནུག་ཟེར་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཀེ་ན་བིསི་དེ་ འབྲུག་གི་སྨྱོ་རྫས་དང་སེམས་ཁམས་འཁྲུགས་རྫས་ རྫས་རིགས་ལོག་སྤྱོད་ཀྱི་བཅའ་ཁྲིམས་༢༠༡༥ ཅན་མའི་ ཟུར་དེབ་༡ པའི་ནང་ སྨན་སྦེ་ཕན་ཁུངས་མེད་པའི་རྫས་སྦྱོར་ཨིནམ་སྦེ་ བཀོད་ཡོད་པའི་ཁར་ བཅའ་ཁྲིམས་དེའི་ཟུར་དེབ་༧ པར་ ཚད་གཞི་བཀོད་ཡོད་མི་ལས་ཡང་ ལྷག་སོཔ་ལས་ བཅའ་ཁྲིམས་དེ་དང་ འབྲུག་གི་ཉེས་འགེལ་ཁྲིམས་དོན་ཀྱི་དགོངས་དོན་ལྟར་ དབྱེ་རིམ་༣ པའི་ཉེས་ཁྲིམས་ བཀལ་དགོཔ་འདུག་ཟེར་ཞུ་ནུག།
བྱ་ངན་དེ་ཡང་ སྤྱི་ལོ་༢༠༡༦ ལུ་ ཇོ་མོ་གཙང་ཁ་གི་ ཁྲིམས་སྲུང་འགག་པ་ སྡེ་ཚན་ཅིག་ ཕྱི་རུ་འགྲིམ་སྐོར་ནང་འགྱོ་བའི་སྐབས་ སྤྱི་ཟླ་༡༠ པའི་ཚེས་༣༠ ལུ་ ཇམ་པ་ནི་གི་གཡུས་ཚན་ བོ་རོང་ཤིང་ཟེར་སར་ལྷོདཔ་ད་ སྣུམ་འཁོར་བོ་ལི་རོ་ཅིག་ཕྱད་དེ་ བཀག་པའི་སྐབས་ སྡོད་མ་བཏུབ་ལས་ རྟིང་བདའ་སོང་སྟེ་ འཇམ་པ་ནི་ལྷ་ཁང་གི་ ཉེ་འདབས་ལུ་ལྷོདཔ་ད་ སྣུམ་འཁོར་དེ་ ལམ་གྱི་ཟུར་ཁར་བཞག་ཡོད་རུང་ དེད་གཡོགཔ་དེ་ གར་སོང་མེདཔ་ལས་ གཡུས་ཁའི་མི་ཅིག་དང་གཅིག་ཁར་ སྣུམ་འཁོར་དེ་འཚོལ་ཞིབ་འབད་བའི་སྐབས་ སྣུམ་འཁོར་ནང་ལས་ ཀེ་ན་བིསི་གི་འདབ་མ་དང་ སོན་དག་པ་ཅིག་ ཡོདཔ་མཐོང་ནུག།
དེ་ལས་ ཁྲིམས་སྲུང་འགག་པ་གིས་ ས་ཁོངས་ནང་སྒུག་སྡོད་དེ་ དེ་ཚེ་དེད་གཡོགཔ་དེ་ སྣུམ་འཁོར་ལེན་པར་འོང་པའི་སྐབས་ དེད་གཡོགཔ་རྡོ་རྗེ་མཁའ་འགྲོ་ འཛིན་བཟུང་འབད་ཡོདཔ་ཨིན་པས།
ཁོ་ལུ་ དྲི་དཔྱད་འབདཝ་ད་ ཉེས་འཛུགས་ཅན་ ཨོ་རྒྱན་དབང་ཕྱུག་དེ་ ཀེ་ན་བིསི་ནག་ཚོང་འཐབ་མི་ ངོ་མ་ཨིན་པའི་ཁར་ སྤྱི་ཟླ་༡༠ པའི་ཚེས་༢༩ ལུ་ ཁོ་དང་ཁོ་རའི་ཆ་རོགས་ དབང་རྒྱལ་མཚན་གཉིས་ཀྱིས་ ཀེ་ན་བིསི་ཀེ་ཇི་༡༠༠ རེ་འབད་མི ཕད་ཙི་༣ ནང་འདེགས་ཏེ་ བཙོང་ནིའི་དོན་ལུ་ རྡོ་རྗེ་མཁའ་འགྲོའི་ སྣུམ་འཁོར་ནང་བཙུགས་ཏེ་འོངམ་ད་ ཨ་ཁུ་རི་ཟེར་སར་ལྷོདཔ་ད་ དོན་གྲུབ་བཀྲིས་ཀྱི་སྣུམ་འཁོར་ནང་ ཡེ་ཤེས་རྡོ་རྗེ་དང་ པདྨ་རྒྱལ་མཚན་ དེ་ལས་ ཀུན་བཟང་འཕྲིན་ལས་དང་ ཕྱད་ནུག་ཟེར་ཨིན་པས།
དེ་ཚེ་ ཉེས་ཅན་གྱིས་ རྡོ་རྗེ་མཁའ་འགྲོའི་སྣུམ་འཁོར་ནང་ཡོད་མི་ ཀེ་ན་བིསི་བཏོན་ཏེ་ དོན་གྲུབ་བཀྲིས་ཀྱི་ སྣུམ་འཁོར་ནང་བཙུགས་ཏེ་ ས་གནས་དེ་ཁར་ལས་ ཡེ་ཤེས་རྡོ་རྗེ་གིས་ རྡོ་རྗེ་མཁའ་འགྲོའི་སྣུམ་འཁོར་ནང་འཛུལ་ཏེ་ ལམ་བདའ་སྟེ་ ཁྲིམས་སྲུང་འགག་པ་ཡོད་མེད་བལྟ་ནིའི་དོན་ལུ་ ཀེ་ན་བིསི་འབག་མི་ སྣུམ་འཁོར་གྱི་ ཧེ་མ་འགྱོ་བའི་སྐབས་ ཁྲིམས་སྲུང་འགག་པ་དང་ཕྱདཔ་ད་ རྡོ་རྗེ་མཁའ་འགྲོ་གིས་ ཁྲིམས་སྲུང་འགག་པ་ཕྱད་པའི་སྐོར་ལས་ དོན་གྲུབ་བཀྲིས་ལུ་ བརྒྱུད་འཕྲིན་བཏང་སྟེ་ སླབ་ཡོདཔ་ཨིན་པས།
བརྒྱུད་འཕྲིན་ཐོབ་པའི་ཤུལ་ལས་ དོན་གྲུབ་བཀྲིས་ཀྱི་ སྣུམ་འཁོར་ནང་ཡོད་མི་ ཉེས་འཛུགས་ཅན་ ཆ་རོགས་གཞན་ཚུ་གིས་ ས་གནས་གསེར་ཤིང་ཟེར་སའི་ ནགས་ཚལ་ནང་ལྷོདཔ་ད་ སྨྱོ་རྫས་ཚུ་བཀོག་བཏང་ཞིནམ་ལས་ ལོག་ཁྱིམ་ནང་འགྱོ་ཡོདཔ་ད་ དེ་གི་ནངས་པར་ ཉེས་འཛུགས་ཅན་ ཨོ་རྒྱན་དབང་ཕྱུག་དང་ དབང་རྒྱལ་མཚན་ ཀུན་བཟང་འཕྲིན་ལས་ དེ་ལས་ པདྨ་རྒྱལ་མཚན་དང་ ཡེ་ཤེས་རྡོ་རྗེ་ཚུ་གིས་ ཀེ་ན་བིསི་ཚུ་ རང་སོའི་གཡུས་ཁར་ ལོག་འབག་ཡོདཔ་ཨིན་པས།
ཟླཝ་༢ ཀྱི་ཤུལ་ལས་ ཨོ་རྒྱན་དབང་ཕྱུག་དང་ དབང་རྒྱལ་མཚན་གྱིས་ ཀེ་ན་བིསི་ཚུ་ རྒྱ་གར་གྱི་མི་ངོམ་ཅིག་ལུ་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༦༥༠ རེ་སྦེ་ བཙོང་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ རྡོ་རྗེ་མཁའ་འགྲོ་འཛིན་བཟུང་འབད་དེ་ དྲི་དཔྱད་འབད་བའི་སྐབས་ ཉེས་འཛུགས་ཅན་གཞན་ཚུ་ཡང་ བྱ་ངན་ནང་ འབྲེལ་བ་ཡོད་པའི་སྐོར་ལས་ སླབ་ཡོདཔ་ད་ སྤྱི་ཟླ་༡༡ པའི་ཚེས་༡༤ ལུ་ དོན་གྲུབ་བཀྲིས་འཛིན་བཟུང་འབདཝ་ད་ ཁོ་གིས་ གསེར་ཐིག་གི་ཚལ་མ་ནང་ སྨྱོ་རྫས་ཚུ་བཀོག་བཏང་ཡོད་པའི་སྐོར་ལས་ སླབ་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ ས་ཁོངས་ནང་ ཞིབ་དཔྱད་འབད་བར་འགྱོ་བའི་སྐབས་ སྨྱོ་རྫས་མ་འཐོབ་སྟེ་འབད་རུང་ སྨྱོ་རྫས་ཀེ་ཧང་གི་འདབ་མ་སྐམ་ ག་རམ་༢༠༠ དེ་ཅིག་ ཐོབ་ཡོདཔ་ད་ བྱ་ངན་དེ་ནང་ མི་ངོམ་༧ འབྲེལ་བ་ཡོདཔ་ཨིན་རུང་ རྡོ་རྗེ་མཁའ་འགྲོ་དང་ དོན་གྲུབ་བཀྲིས་ དེ་ལས་ ཡེ་ཤེས་རྡོ་རྗེ་ཚུ་ སྤྱི་ལོ་༢༠༡༦ ལུ་ར་ འཛིན་བཟུང་འབད་དེ་ ཁྲིམས་བཤེར་འབད་བའི་ཤུལ་ལས་ བཙོན་ཁྲིམས་ལོ་༣ རེ་བཀལ་བའི་ཁར་ ཡེ་ཤེས་རྡོ་རྗེ་ལུ་ བཙོན་ཁྲིམས་ལོ་༥ བཀལ་ཡོདཔ་ཨིན་པས།
ཨོ་རྒྱན་དབང་ཕྱུག་དེ་ དུས་ཅི་ སྤྱི་ཟླ་༣ པའི་ཚེས་༢༧ ལུ་ འཐབ་འཛིང་གི་གནད་དོན་སྐོར་ལས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་ལྷོད་དེ་འགྱོ་བའི་སྐབས་ བཟུང་ཚུགས་ཏེ་ ད་ལྟོ་ ཁྲིམས་སྲུང་འགག་པའི་ དོ་དམ་ནང་ཡོདཔ་ཨིན་རུང་ དབང་རྒྱལ་མཚན་དང་ པདྨ་རྒྱལ་མཚན་ དེ་ལས་ ཀུན་བཟང་འཕྲིན་ལས་གསུམ་དེ་ འཚོལ་མ་འཐོབ་པར་ ཡོད་པའི་གནས་ཚུལ།
བཀྲིས་བསྟན་འཛིན།