༉ འབྲུག་སྨྱོ་རྫས་བཀག་འཛིན་དབང་འཛིན་གྱིས་ དགེ་ལེགས་ཕུག་ བསྟན་སྲུང་དམག་སྡེ་ནང་ སྨྱོ་རྫས་ལག་ལེན་ སྔོན་འགོག་འབད་ནིའི་དོན་ལུ་ བཟའ་ཚང་རྒྱབ་སྐྱོར་སྡེ་ཚན་ གཞི་བཙུགས་འབད་མི་ལུ་ སྨྱོ་རྫས་དང་འབྲེལ་བའི་ གཞི་རྟེན་བསླབ་སྟོན་རིག་རྩལ་དང་ ཐབས་ལམ་གྱི་ སྦྱོང་བརྡར་ཚུ་ བྱིན་ཡོདཔ་ཨིན་པས།
དེ་ཡང་ ན་ཧིང་ སྤྱི་ཟླ་༡༢ པའི་ནང་ དབང་འཛིན་གྱིས་ སྨྱོ་རྫས་ཚུ་ འབྱུང་ས་ལས་ར་ སྔོན་འགོག་དང་ མི་སྡེ་མཉམ་འབྲེལ་འབད་ཐབས་ལུ་ ལུང་བསྟན་ཕུག་བསྟན་སྲུང་དྲག་པོའི་དམག་སྡེ་ནང་ བཟའ་ཚང་རྒྱབ་སྐྱོར་སྡེ་ཚན་ གཞི་བཙུགས་འབད་མི་གི་ ལས་རིམ་ཅིག་ཨིན་པས།
དགེ་ལེགས་ཕུག་དམག་སྡེའི་ སྨྱོ་རྫས་ལག་ལེན་ སྔོན་འགོག་གི་དོན་ལུ་ བཟའ་ཚང་རྒྱབ་སྐྱོར་སྡེ་ཚན་ བཟོ་མི་ནང་ འཐུས་མི་༡༦༠ ཡོདཔ་ད་ དབང་འཛིན་གྱིས་ སྦྱོང་བརྡར་དེ་ཡང་ དུས་ཅི་ སྤྱི་ཟླ་དང་པའི་ཚེས་༢༥ ལུ་ བྱིན་ཡོདཔ་བཞིན་དུ་ འགོ་ཁྲིདཔ་དེ་གིས་ འཐུས་མི་ཚུ་ལུ་ སྨྱོ་རྫས་དང་འབྲེལ་བའི་བསླབ་སྟོན་དང་ རིག་རྩལ་ཚུ་ བརྗེ་སོར་འབད་ནི་ཨིན་པས།
དབང་འཛིན་གྱིས་ དེ་བཟུམ་མའི་ ལས་རིམ་དེ་ཡང་ སྨྱོ་རྫས་མེད་པའི་ མི་སྡེ་བཟོ་ནི་ལུ་ ཡར་དྲག་གཏང་ནི་ལུ་དམིགས་ཏེ་ གཞི་བཙུགས་འབད་ཡོདཔ་ད་ སྡེ་ཚན་དེ་གིས་ སྨྱོ་རྫས་ལག་ལེན་འཐབ་མི་ཚུ་ལུ་ སྨྱོ་རྫས་སྔོན་འགོག་འབད་ནི་ལུ་ གོ་བ་བརྡ་སྤྲོད་དང་ བཟའ་ཚང་ནང་ སྨྱོ་རྫས་འཆང་སྤྱོད་འབད་མི་ཡོད་པ་ཅིན་ བཀག་ཐབས་འབད་ནི་ལུ་ རྒྱབ་སྐྱོར་འབད་ནི་ཨིན་པས།
མ་གཞི་ དབང་འཛིན་གྱིས་ བདེ་ཆེན་ཆོས་གླིང་གི་ བཟའ་ཚང་རྒྱབ་སྐྱོར་སྡེ་ཚན་དང་ ལུང་བསྟན་ཕུག་དམག་སྡེ་ ཐིམ་ཕུག་ཁྲིམས་སྲུང་འགག་སྡེ་ སྤ་རོ་ཤར་པ་ ཧཱ་འདམ་ཐང་ ཕུན་ཚོགས་གླིང་ ར་མི་ཏི་ བསྟན་སྲུང་དམག་སྡེ་ ཕུན་ཚོགས་གླིང་ ཁྲིམས་སྲུག་འགག་སྡེ་ དེ་ལས་ འཇིག་མེད་གླིང་ཁྲིམས་སྲུང་འགག་སྡེ་བརྩིས་ཏེ་ སྡེ་ཚན་༩ གི་ སྡེ་ཚན་འགོ་ཁྲིདཔ་ཚུ་ལུ་ སྨྱོ་རྫས་སྤྱོད་ནི་ལུ་ ལང་ཤོར་ཐལ་མི་ཚུ་གི་དོན་ལུ་ གཞི་རྟེན་བསླབ་སྟོན་དང་ གོ་བ་བརྡ་སྤྲོད་འབད་དགོཔ་ཨིན་རུང་ ད་རེས་ སྡེ་ཚན་གྱི་ འགོ་ཁྲིདཔ་༡ ལས་བརྒལ་ འབད་མ་ཚུགས་པར་ཡོདཔ་ཨིན་པས།
དབང་འཛིན་གྱི་ ལས་རིམ་གཙོ་འཛིན་འགོ་དཔོན་ ཉི་མ་དམ་འདུལ་གྱིས་ སླབ་མིའི་ནང་ ད་རེས་ དེ་སྦེ་ ལུས་ཡོད་མི་དེ་ཡང་ དབང་འཛིན་གྱིས་ ད་རུང་ ཁ་སྐོང་སྡེ་ཚན་༨ གཞི་བཙུགས་འབད་སྡོད་པའི་སྐབས་ སྦྱོང་བརྡར་བྱིན་ནི་ལུ་ དུས་ཚོད་མ་འཐོབ་པའི་ཁར་ སྡེ་ཚན་གྱི་ འགོ་ཁྲིདཔ་མང་ཤོས་ར་ སློབ་དཔོན་དང་ ཡིག་ཚང་ནང་ འགྱོ་མི་ཚུ་ཡོདཔ་ལས་ གཅིག་ཁར་འཛོམས་མ་ཚུགས་ཟེར་ཨིན་པས།
ཨིན་རུང་ ཁོ་གིས་འབད་བ་ཅིན་ དུས་ཅི་ སྤྱི་ཟླ་༣ པའི་ནང་ སྡེ་ཚན་གྱི་ འགོ་ཁྲིདཔ་ག་ར་ལུ་ སྦྱོང་བརྡར་མཇུག་བསྡུ་ཚུགས་གཏང་ནི་ལུ་ ལས་རིམ་ཡོད་རུང་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ ག་དེ་སྦེ་ སྦྱོང་བརྡར་འབད་ནིའི་ གནང་བ་བྱིན་འོང་ག་ ད་ལྟོ་ སླབ་མི་ཤེས་པས་ཟེར་ཨིན་པས།
འདས་པའི་དྲི་བ་དྲིས་ལན་ནང་ ཉི་མ་དམ་འདུལ་གྱིས་ སླབ་མིའི་ནང་ བཟའ་ཚང་རྒྱབ་སྐྱོར་སྡེ་ཚན་དེ་ཡང་ དབང་འཛིན་གྱི་ མཉམ་འབྲེལ་ལས་རིམ་གསརཔ་ཅིག་ཨིནམ་ད་ དེ་གིས་ བཟའ་ཚང་ནང་ སྨྱོ་རྫས་ལག་ལེན་འཐབ་ནི་ལས་ཡང་ སྔོན་འགོག་འབད་ནི་དང་ སྡེ་ཚན་དེ་གིས་ སྨན་བཅོས་ཀྱི་ ཞབས་ཏོག་ཚུ་ཡང་ བྱིན་ཚུགས་ཟེར་ཨིན་པས།
འབྲུག་སྨྱོ་རྫས་བཀག་འཛིན་དབང་འཛིན་གྱིས་ ཚོང་པ་དང་ སློབ་གྲྭ་ གཙུག་སྡེ་ དེ་ལས་ གྲོང་གསེབ་ཚུ་ནང་ཡང་ བཟའ་ཚང་རྒྱབ་སྐྱོར་སྡེ་ཚན་བཟོ་ནིའི་ འཆར་གཞི་ཡོདཔ་བཞིན་དུ་ སྡེ་ཚན་ནང་ དྲུང་ཆེན་བརྩིས་ཏེ་ བཀོད་ཁྱབ་འཐུས་མི་༧ དང་ སྡེ་ཚན་འགོ་ཁྲིདཔ་ ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།