སྨྱོ་རྫས་དང་འབྲེལ་བའི་ གདོང་ལེན་འབད་ནི་ལུ་ བྱ་ཐབས་ཟད་སོངཔ་ཨིན་ན?

༉ འབྲུག་གི་སྤྱི་ཚོགས་ཀྱིས་ འབྲུག་གི་སྨྱོ་རྫས་དང་ སེམས་ཁམས་འཁྲུགས་རྫས་ རྫས་རིགས་ལོག་སྤྱོད་ཀྱི་ བཅའ་ཁྲིམས་༢༠༡༥ ཅན་མ་དེ་ ཁྲིམས་ཡངས་སུ་དང་ དྭངས་གསལ་མེད་མི་ལུ་བརྟེན་ འདས་པའི་ལོ་ནང་ བཅའ་ཁྲིམས་དེ་ འཕྲི་སྣོན་མཛད་ཐོག་ལས་ སྨྱོ་རྫས་ནག་ཚོང་དང་ སྐྱེལ་སྤྱོད་འབད་མི་ཚུ་ལུ་ ཉེས་བྱ་དང་ ཉེས་ཁྲིམས་ཚུ་ དམ་སྒྲིང་བཟོ་གནང་ཡོདཔ་ཨིན།
བཅའ་ཁྲིམས་འཕྲི་སྣོན་མཛད་དགོ་མི་དེ་ཡང་ སྨྱོ་རྫས་དང་འབྲེལ་བའི་ བྱ་ངན་འཐབ་མི་དང་ ནག་ཚོང་འཐབ་མིའི་གྱངས་ཁ་ རྣམ་རྟོག་ལང་སི་སི་སྦེ་ ཡར་འཕར་སོང་མིའི་ གདོང་ལེན་ལུ་ཨིན་མས།
འདི་འབདཝ་ད་ འབྲུག་གི་སྨྱོ་རྫས་དང་ སེམས་ཁམས་འཁྲུགས་རྫས་ རྫས་རིགས་ལོག་སྤྱོད་(འཕྲི་སྣོན)ཀྱི་ བཅའ་ཁྲིམས་༢༠༡༧ ཅན་མ་གིས་ སྨྱོ་རྫས་ནག་ཚོང་དང་ སྐྱེལ་སྤྱོད་དང་འབྲེལ་བའི་ ཉེས་ལས་ཚུ་ མར་འབབ་འགྱོ་ནི་ལུ་ ལྷན་ཐབས་བྱུང་ཡོདཔ་ཨིན་ན?
ད་རེས་ནངས་པར་ ཁྲིམས་སྲུང་འགག་སྡེའི་ ཡོངས་འབྲེལ་འཆར་སྒོ་དང་ བརྡ་བརྒྱུད་ནང་ལས་ཕར་ སྨྱོ་རྫས་ནག་ཚོང་དང་ སྐྱེལ་སྤྱོད་འབད་མི་ཚུ་ འཛིན་བཟུང་འབད་ཡོད་པའི་ གནས་ཚུལ་གོ་མི་ལུ་ལྟཝ་ད་ སྨྱོ་རྫས་ཀྱི་ བཅའ་ཁྲིམས་དམ་སྒྲིང་ག་དེ་སྦེ་ར་ཡོད་རུང་ འཚེར་སྣང་དང་ འདྲོག་འཇིགས་མེད་པའི་ བརྡ་མཚོན་ཅིག་ཨིན་མས།
འདི་བཟུམ་མའི་ བྱ་ངན་ཚུ་ནང་ གྲལ་གཏོགས་འབད་མིའི་གྱངས་ཁ་ ཉིན་བསྟར་བཞིན་དུ་ རྣམ་རྟོག་ལང་སི་སི་སྦེ་ ཡར་འཕར་འགྱོཝ་ད་ མི་སྡེ་ལུ་ ཚ་གྱང་ལངམ་མ་ཚད་ ལ་ལོ་གིས་ ང་བཅས་རའི་ མི་ཚུ་གིས་ རྫས་ངན་ལོངས་སྤྱོད་དང་ ནག་ཚོང་འཐབ་མིའི་ རྒྱུ་རྐྱེན་ག་ཅི་ཨིན་ན་ ཞིབ་འཇུག་འབད་དགོ་པའི་ བློ་འདོད་ཡང་ བཀོདཔ་ཨིན་མས།
དུས་ཅི་ སྤྱི་ཟླ་༡ པ་ལས་ ཟླ་༣ པའི་ཚེས་༡༤ ཚུན་ ཐིམ་ཕུག་རྐྱངམ་གཅིག་ནང་ར་ ཁྲིམས་སྲུང་འགག་པ་གིས་ སྨྱོ་རྫས་དང་འབྲེལ་བའི་ ཉེས་ལས་ནང་ འབྲེལ་གཏོགས་འབད་མི་ དོགས་ཅན་༩༨ འཛིན་བཟུང་འབད་མི་ལས་༧༡ འཆང་སྤྱོད་འབད་མི་དང་ སྨྱོ་རྫས་ནག་ཚོང་འཐབ་མི་༢༧ འཛིན་བཟུང་འབད་མི་དེ་ ཁྲིམས་ལྟ་རྟོག་འབད་མི་ཚུ་གི་དོན་ལུ་ མཐར་འཁྱོལ་ཅན་གྱི་ གྲུབ་འབྲས་ཅིག་ཨིན་མས།
དེ་ནང་ སྨྱོ་རྫས་འཆང་སྤྱོད་འབད་མི་༧༡ ལས་ ཨམ་སྲུ་དང་༢ དང་ ཕོ་སྐྱེས་༦༩ ཡོད་མིའི་ནང་ལས་ ན་གཞོན་༥༧ ཡོདཔ་བཞིན་དུ་ སྨྱོ་རྫས་ནག་ཚོང་འཐབ་མི་༢༧ ལས་ ཨམ་སྲུ་༡ དང་ ཕོ་སྐྱེས་༢༦ ཡོདཔ་ད་ སྨྱོ་རྫས་ཚུ་ཡང་ ནང་འདྲེན་འབད་མི་ ཨིསི་པཱསི་མོ་པོ་རོག་སི་བཱོན་པ་ལཱསི་དང་ ནའི་ཊོ་ཟཱན་ཊེན་སྨན་ལེབ་ དེ་ལས་ ནང་འཁོད་ལས་ཐོན་མི་ ཀེ་ཧང་ཧེ་ཤེསི་དང་ ཀེ་ཧང་གི་ འདབ་མ་སྐམ་དང་ འདབ་མ་རློནམ་ སྐྱེལ་སྤྱོད་དང་ ནག་ཚོང་འཐབ་དོ་ཡོདཔ་ཨིན་མས།
ད་ཚུན་གྱི་བར་ན་ སྨྱོ་རྫས་དང་འབྲེལ་བའི་ བྱ་ངན་ཚུ་ནང་ འབྲེལ་འཛིན་འབད་མི་དེ་ གཙོ་བོ་ར་ ལཱ་གཡོག་མེད་མི་ ན་གཞོན་ཚུ་ལུ་ ཁ་ཉེས་བཀལ་ཡོད་རུང་ ཁྲིམས་སྲུང་འགག་པ་གིས་ རྒན་གཞོན་དང་ ཞི་གཡོགཔ་ དེད་གཡོགཔ་ སློབ་དཔོན་ཚུ་ འཛིན་བཟུང་འབད་མི་ཚུ་ལུ་ བསམ་ཞིབ་འབད་དེ་ལྟཝ་ད་ སྨྱོ་རྫས་དང་འབྲེལ་བའི་ ནག་ཚོང་འཐབ་ད་ དེ་འཕྲོ་ལས་ ཁེ་སང་བཟོ་ཚུགས་མི་ལུ་བརྟེན་ རྒན་གཞོན་གཉིས་ཆ་ར་གིས་ བྱ་ངན་དེ་ཚུ་ནང་ འབྲེལ་གཏོགས་འབད་དོ་ཡོད་པའི་ བརྡ་མཚོན་སྟོནམ་མས།
མ་གཞི་ ཁྲིམས་སྲུང་འགག་སྡེ་དང་ འབྲུག་སྨྱོ་རྫས་བཀག་འཛིན་དབང་འཛིན་གྱི་ ཁ་ཐུག་ལས་ སྨྱོ་རྫས་ཀྱི་རིགས་ ནག་ཚོང་འཐབ་མི་དང་ འཆང་སྤྱོད་འབད་མི་ བཀག་འཛིན་དང་ མར་ཕབ་འབད་ཐབས་ལུ་ ལྟ་རྟོག་དང་ ཞིབ་དཔྱད་དམ་དམ་འབད་དོ་ཡོདཔ་ཨིན་རུང་ བྱ་ངན་འབད་མི་ མང་སུ་ཐོན་མི་དེ་གིས་ སྨྱོ་རྫས་བཀག་ཐབས་འབད་ནི་ལུ་ བྱ་ཐབས་རྡུགས་ཡོད་པའི་ མངོན་རྟགས་སྟོནམ་ཨིན་མས།
སྨྱོ་རྫས་མང་ཤོས་ར་ རྒྱ་གར་གྱི་ ས་མཚམས་ཁྲོམ་སྡེ་ ཇའི་སྒང་ལས་ ནང་འདྲེན་འབད་དོ་ཡོད་པའི་ ལོ་རྒྱུས་ཡོདཔ་ལས་ ཐོན་སའི་ས་ཁོངས་ལས་ར་ ཞིབ་དཔྱད་དམ་དམ་འབད་བ་ཅིན་ བཀྲམ་སྤེལ་མར་ཕབ་འབད་ཚུགས་འོང་།
དེ་འབདཝ་ལས་ ཁྲིམས་སྲུང་འགག་སྡེའི་ འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་ བྲེལ་ཡོད་ལས་སྡེ་ཚུ་གིས་ སྨྱོ་རྫས་བཀྲམ་སྤེལ་འབད་མི་དེ་ བཀག་འཛིན་འབད་ཚུགས་པར་ ལཱ་ཁག་འོང་ནི་ཨིན་རུང་ འབྲུག་མི་ཡོངས་ཀྱིས་ མི་སྡེའི་མཐའ་དོན་ལུ་ འགན་ཁུར་འབག་སྟེ་ མཉམ་འབྲེལ་དང་ རྒྱབ་སྐྱོར་འབད་བ་ཅིན་ སྨྱོ་རྫས་ཀྱི་ མཁོ་མངགས་འབད་མི་ མར་ཕབ་འབད་ཚུགས།

About admin

Check Also

གསོ་རིག་གཙུག་ལག་སློབ་སྡེའི་ ལྕོགས་གྲུབ་གོང་འཕེལ་གཏང་ནི་ལུ་ གོ་བརྡའི་ཆིངས་ཡིག་གུ་ མཚན་རྟགས་བཀོད་ཡོདཔ།

༉ སྤྱི་ཟླ་༡ པའི་ཚེས་༣༠ ལུ་ གསོ་བའི་ཤེས་ཡོན་ལས་རིམ་ ཡར་དྲག་གཏང་ནི་ནང་ གསོ་བ་ལྷན་ཁག་དང་ གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེ་༢ མཉམ་འབྲེལ་གོང་འཕེལ་གཏང་ནིའི་དོན་ལུ་ གོ་བརྡའི་ཆིངས་ཡིག་ཅིག་གུ་ མཚན་རྟགས་བཀོད་ཡོདཔ་ཨིན་པས། གོ་བརྡའི་ཆིངས་ཡིག་ཅིག་གི་ དམིགས་ཡུལ་དེ་ཡང་ གསོ་བའི་ལས་བྱེདཔ་ཚུ་ལུ་ འཇོན་ཐངས་ཅན་དང་ …

Leave a Reply

Your email address will not be published. Required fields are marked *