སྨྱོ་རྫས་ཀྱི་ ཁྲིམས་ཡིག་དྭངས་གསལ?

༉ འཁྲུན་ཆོད་གནང་ཐོག་ལས་ མིག་དཔེ་ཅིག་ སྲོལ་བཙུགས་འབདཝ་དང་འབྲེལ་ འབྲུག་གི་མངོན་པར་མཐོ་བའི་ ཁྲིམས་འདུན་གྱིས་ ང་བཅས་རའི་ ཁྲིམས་བཟོ་ལྷན་སྡེ་ལུ་ ཤེས་རྟོགས་མེད་པར་ ཁྲིམས་ཀྱི་དགོངས་དོན་ གསལ་ཏོག་ཏོ་སྦེ་ བཀོད་མ་ཚུགས་པར་ ལུས་མི་ཚུ་བསུབས་ཏེ་ དུམ་གྲ་ཅིག་ ཁྲིམས་དྭངས་གསལ་བཟོ་ནུག།

དེ་ཡང་ སྤྱི་ཟླ་༧ པའི་ཚེས་༢༦ ལུ་ མངོན་མཐོ་ཁྲིམས་འདུན་གྱིས་གནང་མི་ འཁྲུན་ཆོད་དང་འཁྲིལ་ འབྲུག་གི་སྨྱོ་རྫས་དང་སེམས་ཁམས་འཁྲུགས་རྫས་ རྫས་རིགས་ལོག་སྤྱོད་ཀྱི་ བཅའ་ཁྲིམས་༢༠༡༥ ཅན་མའི་ ཟུར་དེབ་ནང་ སྨན་རིགས་༢༥༥ ཐོ་བཀོད་འབད་མིའི་གྲངས་སུ་ མ་ཚུད་མི་ ཨིསི་པཱསི་མོ་ པོ་རོག་སི་བཱོན་ པ་ལཱསི་སྨན་ཐུམ་ བཟའ་སྤྱོད་དང་ ནག་ཚོང་འཐབ་མི་གཉིས་ཆ་རའི་ནང་ འཛིན་བཟུང་འབད་མི་ མི་གྲངས་༥༥༤ བཙོན་ཁང་ནང་ལས་ གཏང་ནི་ཨིན་མས།

འདས་པའི་ཟླཝ་༢༡ གི་རིང་ འཛིན་བཟུང་འབད་དེ་ བཙོན་ཁྲིམས་སྨིན་གྲུབ་མི་ ཉེས་ཅན་ཚུ་གིས་ འཁྲུན་ཆོད་དང་འཁྲིལ་ བཙོན་ཁང་ནང་ སྡོད་མ་དགོ་པར་ བཙོན་འཐུས་བཏབ་ཆོག་ནི་ཨིན་མས།

ཁྲིམས་བཟོ་ལྷན་སྡེ་གིས་ ཁྲིམས་བཟོ་བའི་ཤུལ་ལས་ བསྟར་སྤྱོད་འབད་ནི་གི་འགན་ཁུར་ དྲང་ཁྲིམས་ལྷན་སྡེ་ལུ་ ཕོགཔ་བཞིན་དུ་ ད་རེས་ མངོན་མཐོ་ཁྲིམས་འདུན་གྱིས་ འབྲུག་གི་སྨྱོ་རྫས་བཀག་འཛིན་དབང་འཛིན་ལུ་ དགོས་མཁོ་དང་འཁྲིལ་ བཀག་དམ་ཅན་གྱི་ སྨྱོ་རྫས་ཚུ་གི་ ཐོ་དུས་མཐུན་བཟོ་ནིའི་ དབང་ཚད་གནང་མི་དེ་ བསྟོད་པར་འོས་པའི་ བཀའ་རྒྱ་ཅིག་ཨིན་མས།

བཀའ་རྒྱ་དེ་གིས་ བཅའ་ཁྲིམས་འཕྲི་སྣོན་འབད་ཞིནམ་ལས་ཚུར་ ཁྲིམས་ཀྱི་དགོངས་དོན་ཚུ་ ཆ་མཐུན་མེད་མི་ལུ་བརྟེན་ སྟབས་མ་བདེཝ་ བྱུང་མི་དེ་ སྟབས་བདེ་ཏོག་ཏོ་ བཟོ་ཡོདཔ་མ་ཚད་ ཉེས་འཛུགས་འཛོལ་ཏེ་ བཀལ་མི་ལས་ བཙོན་ཁྲིམས་ཕོག་མི་ བརྒྱ་ཕྲག་ལེ་ཤ་ཅིག་ བཙོན་ཁང་ནང་སྡོད་མ་དགོཔ་བཟོ་ནུག།

མ་གཞི་ འཁྲུན་ཆོད་ཐོག་ལས་ བཀའ་རྒྱ་གནང་མི་དེ་ གནས་སྐབས་ཅིག་གི་དོན་ལུ་ཨིནམ་ལས་ སྤྱི་ཚོགས་ཀྱིས་ བཅའ་ཁྲིམས་སྦེ་ ཆ་འཇོག་འགྲུབ་དགོཔ་ཨིན་རུང་ སྤྱི་ཚོགས་ཀྱིས་ བཅའ་ཁྲིམས་བརྩམ་པའི་སྐབས་ མ་འོངས་པ་ལུ་ འབྱུང་འགྱུར་གྱི་ གནས་སྟངས་ཚུ་ལུ་ མ་བལྟ་བར་ བཀག་དམ་ཅན་གྱི་ སྨྱོ་རྫས་དང་ སེམས་ཁམས་འཁྲུགས་རྫས་ རྫས་རིགས་ཚུ་ བཅའ་ཁྲིམས་ཀྱི་ ཟུར་དེབ་ནང་ སྨྱོ་རྫས་ཀྱི་ཐོ་ནང་ འགྱུར་བ་མི་འགྱོ་ནི་བཟུམ་སྦེ་ གསལ་བཀོད་འབད་མི་དེ་ འཛོལ་བ་བྱུང་ནུག་ཟེར་ མངོན་མཐོ་ཁྲིམས་འདུན་གྱི་ འཁྲུན་ཆོད་ནང་བཀོད་ནུག།

དེ་མ་ཚད་ ཁྲིམས་རྩམ་མི་ཚུ་གིས་འབད་རུང་ ཟུར་དེབ་ནང་མ་ཚུད་མི་ སྨྱོ་རྫས་དེ་ མི་སྡེ་ནང་ གནོད་པ་ཡོད་མི་ཚུ་ ཚུད་ནིའི་དོན་ཚན་ཚུ་ མ་བཙུགས་མི་དེ་ སྤྱི་ཚོགས་ཀྱི་ འཛོལ་བ་སྦོམ་ཅིག་ཨིན་མས་ཟེར་ བཀོད་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༡༥ ལུ་ འབྲུག་གི་སྨྱོ་རྫས་དང་སེམས་ཁམས་འཁྲུགས་རྫས་ རྫས་རིགས་ལོག་སྤྱོད་ཀྱི་ བཅའ་ཁྲིམས་(འཕྲི་སྣོན) ༢༠༡༥ ཅན་མའི་ གསུང་གྲོས་གནང་པའི་སྐབས་ བཀག་དམ་ཅན་གྱི་ སྨྱོ་རྫས་རིགས་ཚུ་ ཟུར་དེབ་ནང་ བཀོད་པ་ཅིན་ ཤུལ་ལས་ སྟབས་མ་བདེཝ་ འཐོན་འོང་ཟེར་ ཚོགས་དཔོན་གྱིས་ དྲན་གསལ་གནང་ཡོད་རུང་ ང་བཅས་རའི་ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་ སངས་མ་རྒྱས་པའི་ སེམས་འབད་ནི་དེ་གིས་ ཟུར་དེབ་ནང་ གསལ་བཀོད་འབད་མི་ སྨྱོ་རྫས་ཀྱི་ཐོ་ཚུ་ ཆ་འཇོག་གྲུབ་ནུག།

མངོན་མཐོ་ཁྲིམས་འདུན་གྱིས་འབད་བ་ཅིན་ སྨྱོ་རྫས་ཨིས་པཱསི་མོ་ པོ་རོག་སི་བཱོན་ པ་ལཱསི་གི་ཐད་ཁར་ ཁྲིམས་རྩམ་མི་ཚུ་གིས་ འཛོལ་བ་སྦོམ་བཟོ་ཡོདཔ་མ་ཚད་ ཁྲིམས་བསྟར་སྤྱོད་འབད་མི་ཚུ་གིས་འབད་རུང་ གོ་ཡངས་དྲགས་སྦེ་ བཞག་པ་ཅིན་ མ་འོངས་པ་ལུ་ ན་གཞོན་ཚུ་གིས་ སྨྱོ་རྫས་དེ་ལུ་ ཤུགས་ཐལ་ནིའི་ ཉེན་ཁ་ཡོདཔ་ལས་ སྔོན་འགོག་འབད་ནི་དེ་ གལ་ཆེ་ཟེར་ཨིན་མས།

མངོན་མཐོ་ཁྲིམས་འདུན་གྱི་ བཀའ་རྒྱ་དེ་ ཁྲིམས་བཟོ་ལྷན་སྡེ་ལུ་ དྲན་གསལ་གལ་གནད་ཅན་ཅིག་ཨིན་མི་དེ་ཡང་ ང་བཅས་ཀྱི་ སྤྱི་ཚོགས་ཀྱི་ འཐུས་མི་ལ་ལོ་ཅིག་གིས་ ཁོང་ར་གིས་བརྩམས་མི་ ཁྲིམས་ལུགས་ཚུ་ལུ་ མ་གནས་པར་ ཁྲིམས་བཤིག་འབད་བའི་ ནམ་དུས་ལུ་ཨིན་མས།

འདི་འབདཝ་ལས་ འབྲུག་གི་སྨྱོ་རྫས་དང་ སེམས་ཁམས་འཁྲུགས་རྫས་ རྫས་རིགས་ལོག་སྤྱོད་ཀྱི་ བཅའ་ཁྲིམས་དེ་ མངོན་མཐོ་ཁྲིམས་འདུན་ལས་ འགྱུར་བ་དང་འཁྲིལ་ ཁྲིམས་ཡིག་བསྒྱུར་བཅོས་འབད་དགོ་པའི་ དྲན་གསོ་གནང་མི་དང་འཁྲིལ་ ཁྲིམས་བཟོ་ལྷན་སྡེ་གིས་ ཤུལ་མའི་ཚོགས་ཐེངས་ནང་ བཅའ་ཁྲིམས་འཕྲི་སྣོན་གྱི་དོན་ལུ་ གྲོས་འདེབས་བཙུགསཔ་ད་ ཁྲིམས་ཀྱི་དགོངས་དོན་གཞན་གསལ་ཏོག་ཏོ་མེད་མི་ཚུ་ཡང་ བསྐྱར་ཞིབ་ཐོག་ གསལ་ཏོག་ཏོ་སྦེ་ བཟོ་དགོཔ་དེ་ཡང་ ཁག་ཆེ་ཟེར་ ཞུ་ནི་ཨིན།

About admin

Check Also

ཕྱི་ཁར་འགྱོ་མི་ འབྲུག་མི་ཚུ་གི་དོན་ལུ་ སྤྱིར་བཏང་གོ་བརྡའི་ལས་རིམ།

༉ ད་ལྟོ་ གནད་དོན་ཚུ་ཁ་གསལ་སྦེ་ མ་ཤེས་ཏེ་འབད་རུང་ འབྲུག་མི་ལེ་ཤ་ཅིག་ར་ ཨཱསི་ཊེ་ལི་ཡ་ལུ་ སྣུམ་འཁོར་ཐུག་རྐྱེན་ལུ་བརྟེན་པའི་ ཤི་རྐྱེན་བྱུང་བའི་ཁར་ ལཱ་ཁག་རྐྱབ་དོ་ཡོད་པའི་ ལོ་རྒྱུས་ཚུ་གོ་མི་དེ་ རྒྱལ་ཡོངས་ལུ་ ཚ་གྱང་ཆེ་བའི་ གནད་དོན་ཅིག་ཨིནམ་ལས་ སེལ་ཐབས་འབད་དགོཔ་འདུག། འབྲུག་མི་ཚུ་གིས་ …

Leave a Reply

Your email address will not be published. Required fields are marked *