སྨིན་རྗེ་འབྲིང་རིམ་སློབ་གྲྭ་བར་མའི་ མཐོང་སྣང་།

སྨིན་རྗེ་འབྲིང་རིམ་སློབ་གྲྭ་བར་མ་ སློབ་གྲྭ་ལྟེ་བ་ལུ་ ཡར་སེང་འབད་དགོ་པའི་ ཞུ་བ་ཕུལ་ནི།

༉ ལྷུན་རྩེ་ སྨིན་རྗེ་འབྲིང་རིམ་སློབ་གྲྭ་བར་མ་དེ་ འཆར་གཞི་༡༢ པའི་ནང་ སློབ་གྲྭ་ལྟེ་བ་ལུ་ ཡར་སེང་འབད་ནིའི་དོན་ལུ་ རྫོང་ཁག་ཤེས་རིག་སྡེ་ཚན་བརྒྱུད་དེ་ ཤེས་རིག་ལྷན་ཁག་ནང་ ཞུ་བ་ཕུལ་ནི་ཨིན་པས།
དེ་ཡང་ སྤྱི་ཟླ་༨ པའི་ཚེས་༡༨ ལུ་ རྫོང་ཁག་ཚོགས་འདུ་ཐེངས་༣ པ་ འཚོགས་པའི་སྐབས་ སྨིན་རྗེ་རྒེད་འོག་གིས་ གྲོས་གཞི་ཕུལ་མི་གུ་ གསུང་གྲོས་གནང་སྟེ་ འཆར་གཞི་༡༢ པའི་ནང་ སློབ་གྲྭ་ལྟེ་བའི་སྲིད་བྱུས་དང་ ལམ་སྟོན་ དེ་ལས་ ས་གནས་ཀྱི་གནས་སྟངས་ཞིབ་དཔྱད་འབད་ཞིནམ་ལས་ འོས་འབབ་དང་བསྟུན་ སློབ་གྲྭ་ལྟེ་བ་གུ་ ཡར་སེང་གནང་དགོ་པའི་ ཞུ་བ་ཕུལ་ནི་སྦེ་ གྲོས་འཆམ་བྱུང་ཡི།
རྫོང་ཁག་ཤེས་རིག་གཙོ་འཛིན་འགོ་དཔོན་ ཨྱོན་པདྨ་གིས་ ཞུ་མིའི་ནང་ སྨིན་རྗེ་འབྲིང་རིམ་སློབ་གྲྭ་བར་མ་དེ་ སློབ་གྲྭ་ལྟེ་བ་ལུ་ གཞི་བཙུགས་འབད་ནིའི་དོན་ལས་ མི་སེར་ཚུ་གིས་ རེ་བ་བསྐྱེད་དོ་ཡོདཔ་ལས་ ཤེས་རིག་འགོ་དཔོན་ཚུ་གི་བར་ན་ གྲོས་བསྟུན་འབད་བའི་སྐབས་ སློབ་ཕྲུག་ཚུ་གི་དོན་ལུ་ ཟད་འགྲོ་སྦོམ་བཏང་སྟེ་ བཟོ་སྐྲུན་འབད་མི་ སློབ་གྲྭའི་སྒྲིང་ཁྱིམ་ཚུ་ གཞན་དང་མ་འདྲཝ་ཡོད་རུང་ སའི་ཆགས་ཚུལ་ གཏན་འཁེལ་མེདཔ་ལས་ རྒྱབ་སྐྱོར་ཕུལ་མ་ཚུགས་ཟེར་ཨིན་པས།
དེ་ཡང་ སློབ་གྲྭའི་རྒྱབ་ལས་མར་ ས་རུད་ཆད་མི་དེ་གིས་ སློབ་གྲྭའི་སྒྲིང་ཁྱིམ་དང་ སློབ་དཔོན་ཚུ་གི་ སྡོད་ཁྱིམ་ཚུ་ནང་ སྡོད་མ་ཚུགསཔ་ལས་ ཉེན་སྲུང་དང་ལྡན་པའི་ ས་གོ་ནང་ སྤོ་བཤུད་འབད་དགོཔ་ཐོན་ཡོདཔ་ལས་ རྫོང་ཁག་གི་ རྐྱེན་ངན་འཛིན་སྐྱོང་ཚོགས་པ་གིས་ ས་ཁོངས་ཚུ་ ལྟ་རྟོག་དང་ཞིབ་དཔྱད་ཚུ་ འབད་བའི་སྐབས་ གདོང་ལེན་འབད་ནིའི་ ཐབས་ཤེས་མ་མཐོངམ་སྦེ་ བཀོད་ནི་དེ་གིས་ ཨིན་ཟེར་ཨིན་པས།
དེ་འབདཝ་ལས་ སློབ་གྲྭ་དེ་གི་ གནས་སྟངས་ཀྱི་སྐོར་ལས་ ཤེས་རིག་ལྷན་ཁག་ནང་ སྙན་ཞུ་ཕུལ་ཡོད་རུང་ ལྷན་ཁག་ལས་ ལན་གསལ་ག་ནི་ཡང་ མ་ལྷོདཔ་མ་ཚད་ སློབ་གྲྭ་ལྟེ་བའི་འཆར་གཞི་དང་ སྒྲིག་གཞི་ དེ་ལས་ ལམ་སྟོན་གུ་ སློབ་གྲྭ་ལྟེ་བ་འཐོབ་ནིའི་ འོས་འབབ་ཡོད་མེད་ཀྱི་ ཞིབ་དཔྱད་ཚུ་ འབད་བའི་བསྒང་འདུག་ཟེར་ཨིན་པས།
སྨིན་རྗེ་རྒཔོ་བཀྲིས་ནོར་བུ་གིས་ ཞུ་མིའི་ནང་ སློབ་གྲྭ་བར་མའི་ནང་ བློན་པོ་ལྷན་རྒྱས་དང་ ཤེས་རིག་ལྷན་ཁག་ལས་ མདོ་ཆེན་ དྲུང་ཆེན་ དེ་ལས་ འགོ་དཔོན་ག་བྱོན་རུང་ སློབ་གྲྭ་ཆགས་ཚུལ་དང་ ས་གོ་ཚུ་ ཉམས་དགའ་ཏོག་ཏོ་ཡོདཔ་མ་ཚད་ ཧིང་སངས་ས་ཡོད་པའི་སྐོར་ལས་ ངལ་རངས་ཡོད་ལུགས་སླབ་ནི་འདུག་ཟེར་ཨིན་པས།
ཨིན་རུང་ ཤེས་རིག་འགོ་དཔོན་གྱིས་ སློབ་གྲྭ་ལྟེ་བ་གཞི་བཙུགས་ནི་ལུ་ གནས་སྟངས་བརྟན་ཏོག་ཏོ་མེདཔ་ལས་ རྫོང་ཁག་ཤེས་རིག་སྡེ་ཚན་གྱི་ཧོངས་ལས་ རྒྱབ་སྐྱོར་འབད་མི་ཚུགས་ཟེར་ སྙན་ཞུ་ཕུལ་བའི་ལན་ལུ་ རྒཔོ་བཀྲིས་ནོར་བུ་གིས་ ཞུ་མིའི་ནང་ སློབ་གྲྭའི་ཕར་ཁ་ལས་ རི་ཆད་མི་དེ་ ཁོ་ར་ ལོ་ན་ཆུང་ཀུ་བསྒང་ལས་ར་ཡོད་རུང་ ད་ལྟོ་ཚུན་གྱི་བར་ན་ གནོད་སྐྱོན་ག་ནི་ཡང་ མ་འཐོན་ཟེར་ཨིན་པས།
སློབ་གྲྭའི་སྒྲིང་ཁྱིམ་དང་ སློབ་ཁང་ ཐབ་ཚང་ སྡོད་ཁྱིམ་ གསང་སྤྱོད་ཚུ་ སྒྲིང་སྒྲི་སྦེ་ བཟོ་སྐྲུན་འབད་བའི་ཁར་ ཆགས་ཚུལ་ཡང་ ས་ཆ་བརྟན་ཏོག་ཏོ་ནང་ཡོདཔ་ལས་ གནས་སྟངས་སྐྱོ་དྲགས་ཅིག་ལུ་ གཞི་བཞག་སྟེ་ སློབ་གྲྭ་ལྟེ་བ་ གཞི་བཙུགས་འབད་ནི་ལུ་ བཀག་འཛིན་འབད་དོ་བཟུམ་ མཐོངམ་མས་ཟེར་ཨིན་པས།
སྨིན་རྗེ་འབྲིང་རིམ་སློབ་གྲྭ་བར་མའི་དབུ་འཛིན་ ཀརྨ་དབང་ཕྱུག་གིས་ སླབ་མིའི་ནང་ སློབ་གྲྭ་ལྟེ་བ་ལུ་ རྒྱ་སྐྱེད་གནང་པ་ཅིན་ མི་སེར་ཉམ་ཆུང་གི་ ཨ་ལོ་ཚུ་ལུ་ ཕན་ཐོགས་འབྱུང་ནི་དང་ སློབ་ཁང་ལས་བཅད་རུང་ སློབ་ཕྲུག་ཤོང་མ་ཚུགས་པའི་ གདོང་ལེན་སྦོམ་བྱུང་དགོཔ་མེད་ཟེར་ཨིན་པས།
དམིགས་དོན་ངོ་མ་ར་ སློབ་གྲྭ་རྒྱ་སྐྱེད་གཏང་ནིའི་དོན་ལུ་ གཞུང་གིས་ ཟད་འགྲོ་སྦོམ་བཏང་སྟེ་ སྒྲིང་ཁྱིམ་ཚུ་ བཟོ་སྐྲུན་འབད་ཚརཝ་ད་ སློབ་གྲྭ་ལྟེ་བ་ལུ་ རྒྱ་སྐྱེད་འབད་མ་ཚུགས་པའི་གནད་དོན་དེ་ ཧ་གོ་མ་ཚུགས་ཟེར་ཨིནམ་ད་ ཨིན་རུང་ སློབ་གྲྭའི་ཉེ་འདབས་ལས་ ས་རུད་དང་ རུད་ཆད་འོང་མི་དེ་གིས་ སློབ་གྲྭའི་དོན་ལུ་ ཚ་གྱང་ལང་དགོཔ་མ་མཐོང་ཟེར་ཨིན་པས།
གལ་སྲིད་ སློབ་གྲྭ་ལྟེ་བ་ལུ་ ཡར་སེང་གནང་པ་ཅིན་ བུཚ་དང་ བུམོ་གི་ཉལ་ཁང་ དེ་ལས་ སློབ་དཔོན་ཚུ་གི་ སྡོད་ཁྱིམ་དག་པ་ཅིག་ གསརཔ་བཟོ་སྐྲུན་འབད་དགོཔ་ འཐོན་འོང་ཟེེར་ཨིནམ་ད་ ད་རེས་ སློབ་གྲྭ་དེ་ནང་ ཡོངས་བསྡོམས་སློབ་ཕྲུག་༤༠༦ ཡོད་མི་ལས་ བུཚ་༢༠༧ དང་ བུམོ་༡༩༩ དེ་ལས་ སློབ་དཔོན་༢༠ ཡོདཔ་ཨིན་པས།
སློབ་གྲྭ་ལྟེ་བ་ གཞི་བཙུགས་འབད་མིའི་ནང་ བློ་གསར་སློབ་རིམ་ལས་ སློབ་རིམ་༡༢ པ་ཚུན་ཡོདཔ་ལས་ དཀའ་ངལ་གཙོ་བོ་ར་ སློབ་གྲྭ་གིས་ བདག་སྐྱོང་དང་ འཛིན་སྐྱོང་འཐབ་ནི་ དེ་ལས་ ཨ་ལོ་ཆུང་ཀུ་ཚུ་ བདག་འཛིན་འཐབ་མ་ཚུགས་པའི་ གདོང་ལེན་ཚུ་ འདུག་ཟེར་ཨིན་པས།
དེ་འབདཝ་ལས་ ལོ་ན་ཆུང་བའི་ཨ་ལོ་ཚུ་ བདག་འཛིན་འབད་ནིའི་སྤུས་ཚད་དང་ ཤེས་ཡོན་གྱི་སྤུས་ཚད་ སློབ་གྲྭའི་བདག་སྐྱོང་ལུ་ གདོང་ལེན་མེདཔ་སྦེ་ འཛིན་སྐྱོང་འབད་ཚུགས་ནིའི་དོན་ལུ་ སློབ་གྲྭ་ལྟེ་བ་ཆུང་བ་དང་ སློབ་གྲྭ་ལྟེ་བ་ཆེ་བ་སྦེ་ དབྱེ་ཁག་༢ བཟོ་སྟེ་ གནང་དགོ་པའི་སྐོར་ གཞུང་ལུ་ ཞུ་དགོཔ་གལ་ཆེ་བས་ཟེར་ ཤེས་རིག་འགོ་དཔོན་གྱིས་ ཞུ་ཡི།
ཚོགས་འདུའི་ཁྲི་འཛིན་ ཀུན་བཟང་མི་འགྱུར་གྱིས་ སྨད་མཚོ་རྒེད་འོག་ སྒོར་ཚོམ་སློབ་གྲྭ་ཆུང་བ་གིས་གཙོས་པའི་ རྒེད་འོག་༨ ཀྱི་སློབ་གྲྭ་ཚུ་ཡང་ སྒོ་བསྡམ་མ་དགོ་པའི་ཁར་ སློབ་གྲྭ་ལྟེ་བའི་ མཐུན་རྐྱེན་ཚུ་ གོ་སྐབས་གནང་དགོ་པའི་སྐོར་ལས་ འཆར་གཞི་༡༢ པའི་ནང་ འཐོབ་ནི་ཡོད་པའི་ཞུ་བ་དེ་ ཤེས་རིག་ལྷན་ཁག་བརྒྱུད་དེ་ གཞུང་ལུ་ ཕུལ་ནི་སྦེ་ གྲོས་ཐག་བཅད་ཅི།
ལྷག་པར་དུ་ སྨིན་རྗེ་འབྲིང་རིམ་སློབ་གྲྭ་བར་མ་དེ་ རྫོང་ཁག་ཤེས་རིག་དང་ རྫོང་ཁག་བདག་སྐྱོང་གིས་ སློབ་གྲྭ་ལྟེ་བ་གཞི་བཙུགས་ཀྱི་ འོས་འབབ་ཡོད་མེད་ཚུ་ བརྟག་ཞིབ་འབད་དེ་ རྒྱབ་སྐྱོར་མཛད་དགོ་པའི་སྐོར་ ཞུ་བ་དེ་ ཤེས་རིག་ལྷན་ཁག་ལུ་ ཕུལ་ནི་སྦེ་ གྲོས་ཆོད་བཏོན་ནུག།
ལྷུན་རྩེ་རྫོང་ཁག་ནང་ སློབ་གྲྭ་ལྟེ་བ་༢ ཡོད་མི་དེ་ ཨའུ་མཚོ་དང་ སྟག་མ་ཆུ་སློབ་གྲྭ་༢ ཨིནམ་ད་ ལྷུན་རྩེ་འབྲིང་རིམ་སློབ་གྲྭ་གོང་མ་དེ་ རང་སྐྱོང་གི་སློབ་གྲྭ་ ཨིན་པའི་གནས་ཚུལ།

སྨིན་རྗེ་ལས་ བཀྲིས་ཕུན་ཚོགས།

About admin

Check Also

མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༢༡ གསལ་བསྒྲགས་འབད་ཡོདཔ།

༉ ཁ་ཙ་ མི་སེར་དམངས་གཙོ་ཚོགས་པ་གིས་ ཐིམ་ཕུག་ལུ་སྦེ་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་ཐེངས་༤ པའི་དོན་ལུ་ འདེམས་ངོ་༢༡ གསལ་བསྒྲགས་འབད་ ཡོདཔ་ཨིན་པས། དེ་དང་འཁྲིལ་ཏེ་ ད་ལྟོ་ཚུན་ཚོད་ མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༤༧ ལས་༤༢ …

Leave a Reply

Your email address will not be published. Required fields are marked *