སྨན་སྦིས་རྒེད་འོག་གི་ སོ་ནམ་པ་ཚུ་གིས་ དགུ་པ་ལང་མཆོད་ བརྩི་སྲུང་འབད་བའི་བསྒང་།

སྨན་སྦིས་རྒེད་འོག་ནང་ ཁ་ཙ་ དགུ་པ་ལང་མཆོད་བརྩི་སྲུང་འབད་ཡོདཔ།

༉ སྤྱི་ཟླ་༡༠ པའི་ཚེས་༡༨ ལུ་ ཚོགས་རྒྱན་གྱི་ཉིནམ་ལུ་ སྨན་སྦིས་རྒེད་འོག་ སྟག་མོ་ཆུ་གཡུས་ཚན་གྱི་ སོ་ནམ་པ་ཚུ་ དྲོ་པ་ཧ་སག་ལས་ རྒེད་འོག་ལྟེ་བ་ལུ་ཡོད་པའི་ ཚོགས་རྒྱན་ས་ཁོངས་ནང་ ག་ཐོབ་རྐྱབ་སོང་སྟེ་ ཚོགས་རྒྱན་བཙུགས་ཞིནམ་ལས་ དེ་འཕྲོ་ལས་ རང་སོའི་འབྱ་ཞིང་ནང་སོང་སྟེ་ འབྱ་བསྡུ་མི་དེ་ཡང་ ལང་མཆོད་རན་ནི་དེ་གིས་ ཆུམ་གསརཔ་གི་ ཚོགས་མཆོད་པ་ཕུལ་ནིའི་དོན་ལུ་ཨིན་པས།

གཡུས་ཁའི་རྒན་ཤོས་ཚུ་དང་འཁྲིལཝ་ད་ སྔར་ཁྱུན་མ་ཉམས་པར་ བརྩི་སྲོལ་ཡོད་པའི་ དགུ་པ་ལང་མཆོད་ཟེར་མི་དེ་ ལོ་ཨ་རྟག་ར་ རང་ཟླ་༩ པའི་ཚེམ་༡༠ ལུ་ གུ་རུ་རིན་པོ་ཆེའི་དུས་བཟང་ལུ་ ཉིནམ་གཅིག་ རས་བསྡུ་ཞིནམ་ལས་ རས་གསརཔ་བརྡུང་སྟེ་ ལྟོ་འབད་ཞིནམ་ལས་ སྤགས་དང་ སྒོང་རྡོག་ དེ་ལས་ ཉ་གི་ཚོདམ་གི་རིགས་ཚུ་ རྡིག་ཞིནམ་ལས་ རང་མ་ཟ་བའི་ཧེ་མར་ མཆོད་བཤམ་ལུ་ ཕུལ་དོ་ཡོདཔ་ཨིན་པས།

སྟག་མོ་ཆུ་གཡུས་ཚན་ནང་ལས་ སྐྱེས་ལོ་༥༣ ལང་མི་ ཚེ་དབང་དཔལ་འབྱོར་གྱིས་ སླབ་མིའི་ནང་ དེ་བཟུམ་གྱི་སྲོལ་དེ་ ཁོ་ར་ ཆུང་ཀུའི་བསྒང་ལས་ར་ བརྩི་ནི་འདུག་ཟེར་ཨིནམ་ད་ ཁོ་གིས་འབད་བ་ཅིན་ དེ་སྦེ་བརྩི་སྲུང་འབད་དགོ་མི་དེ་ སོ་ནམ་པ་གིས་ དཀའཝ་སྤྱད་པའི་ཁར་ སྡིག་པ་བསགས་ཐོག་ལས་ ལཱ་འབད་བའི་འབྲས་བུ་དེ་ གུ་རུ་རིན་པོ་ཆེ་ལུ་ ཕུལ་བའི་ཚུལ་ཨིན་ཟེར་ཨིན་པས།

ཉིནམ་དེ་ཁར་ རང་སོའི་ཁྱིམ་ནང་གི་ ནང་མི་བཟའ་ཚང་ཚུ་འཛོམས་ཞིནམ་ལས་ བཞེས་སྒོ་རྡིག་ཤོསམ་བཟའ་དོ་ཡོདཔ་མ་ཚད་ ཧེ་མ་འབད་བ་ཅིན་ ཉིནམ་དེ་ནང་ སྟག་མོ་ཆུ་གཡུས་ཚན་ནང་ མདའ་ལ་སོགས་པའི་རྩེད་རིགས་ རྩེད་སྲོལ་ཡོད་རུང་ ད་རེས་ནངས་པ་ མར་ཉམས་སོང་སྟེ་ཡོད་ཟེར་ཨིན་པས།

ལམ་སྲོལ་དེ་ དེ་སྦེ་ཉམས་འགྱོ་མི་དེ་ཡང་ ད་རེས་ནངས་པར་ གཡུས་ཁར་ཕོ་སྐྱེས་མངམ་མེད་པའི་ཁར་ ཡོད་མི་ཚུ་ཡང་ སློབ་གྲྭའི་སློབ་ཕྲུག་ཚུ་ ཙང་ཙ་འབད་ནི་དེ་གིས་ རྩེདམོ་རྩེད་ཐོག་ལས་ སྤྲོ་བ་བཏོན་མི་མིན་འདུག་ཟེར་ཨིན་པས།

ཨིན་རུང་ ཁ་ཙ་ དང་པོའི་སྲོལ་བདག་འཛིན་འབད་ཐབས་ལུ་ སྨན་སྦིས་རྒེད་འོག་ གཞུང་ཁར་གཡུས་ཚན་ནང་འབད་བ་ཅིན་ གཡུས་ཁའི་ཕོ་སྐྱེས་སྡེ་ཚན་བཟོ་སྟེ་ རང་ལུགས་མདའ་རྩེད་ལས་རིམ་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།

སྨན་སྦིས་རྒེད་འོག་དམངས་མི་ བདེ་སྐྱིད་དཔལ་འཛོམས་ཀྱིས་ སླབ་མིའི་ནང་ དེ་བཟུམ་མའི་ ལམ་སྲོལ་དེ་ ན་ཧིང་བསྡུ་མི་ རེད་རྙིངམ་ཚུ་གིས་ དུས་ཅི་ཚུན་ལང་མི་ལུ་བརྟེན་ ལང་མཆོད་ཟེར་ བརྩི་སྲུང་འབད་དོ་ཡོདཔ་ད་ སྤྱིར་བཏང་རང་ཟླ་༩ པའི་ཚེས་༡༠ ལུ་ གུ་རུའི་དུས་བཟང་དང་འབྲེལ་ སྨན་སྦིས་རྒེད་འོག་ནང་རྐྱངམ་གཅིག་ དམིགས་བསལ་དུ་ བརྩི་སྲོལ་ཡོདཔ་ད་ རྒེད་འོག་ནང་གི་མི་ཚུ་གིས་ རང་གི་རེད་མེད་རུང་ གཞན་ལས་འཚོལ་ཏེ་ ངེས་པར་དུ་ བརྩི་དོ་ཡོདཔ་བཞིན་དུ་ དེ་བཟུམ་མའི་སྲོལ་དེ་ ཁོང་རའི་ཕམ་ཚུ་གི་སྐབས་ལས་ར་ བརྩི་སྲོལ་ཡོད་ཟེར་ཨིན་པས།

སྤྱིར་བཏང་སྨན་སྦིས་རྒེད་འོག་དང་ ལྷག་པར་དུ་ཡང་ སྟག་མོ་ཆུ་གཡུས་ཚན་དེ་ རྫོང་ཁག་ནང་ ཆུ་ཞིང་གིས་ཕྱུག་པའི་གཡུས་ཚན་ཅིག་ཨིནམ་ད་ གཡུས་ཚན་དེ་གི་ ཁྱིམ་གུང་རེ་ལུ་ མཐོ་ཤོས་ཆུ་ཞིང་ཨེ་ཀར་༡ དང་༡༥ གི་བར་ན་ ཡོདཔ་ཨིན་པས།

གཡུས་མི་ཚུ་གིས་ སླབ་མི་འདང་འཁྲིལཝ་ད་ འབྱ་ཞིང་ཨེ་ཀར་རེ་གིས་ རེད་བྲེ་༡༢༠ དེ་ཅིག་ ཐོན་སྐྱེད་འབད་དོ་ཡོདཔ་ད་ རེད་ཀྱི་ཐོན་སྐྱེད་ཚུ་ ལོ་ཨ་རྟག་ར་ རང་ཟླ་༩ པའི་ནང་ བསྡུ་དོ་ཡོདཔ་ཨིན་པའི་གནས་ཚུལ།

སྟག་མོ་ཆུ་ལས་ ཚེ་རིང་རྣམ་རྒྱལ།

About admin

Check Also

བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན། དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ …

Leave a Reply

Your email address will not be published. Required fields are marked *